༢༠༡༥ ཟླ་ ༥ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དགུ་དང་ལས་བྱེད་རྣམ་པ། དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་དང་དྲིལ་བསྒྲགས་དྲུང་ཆེ། ཕྱི་དྲིལ་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་བཅས་ལ་བདུན་ཕྲག་གཉིས་རིང་ཨ་རིའི་མངའ་སྡེ་ཝིར་ཇི་ནི་ཡར་ Virginia ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གནང་ནས་གོང་ཚེས་ཉིན་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་སྐབས་གསུང་བཤད་གནང་དོན།
ངས་ཤེས་ཚོད་ལ་ཟབ་སྦྱོང་འདི་ལྟ་བུ་ལོ་ངོ་༢༥ རྗེས་ཝ་ཤིང་ཊོན་ཌི་སི་ཁུལ་དུ་ཚོགས་པ་ཐེངས་དང་པོ་ཆགས་ཡོད། ཟབ་སྦྱོང་འདི་བཞིན་ཧ་ཅང་ཡག་པོ་བྱུང་ཡོད་པ་གོ་ཐོས་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་པ་ཚོས་གནས་ཚུལ་གསར་པ་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད། རྣམ་པ་ཚོས་ཟབ་སྦྱོང་འདི་ནས་གང་ཤེས་པ་དེ་དག་སོ་སོའི་ཉིན་རེའི་ཕྱག་ལས་གནང་སྐབས་ལག་བསྟར་བྱེད་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཟབ་སྦྱོང་འདི་བརྒྱུད་ང་ཚོའི་ལས་བྱེད་པ་ཚོས་ཆེད་ལས་པའི་རྣམ་པའི་ཐོག་ནས་ཕྱི་ལ་འབྲེལ་ལམ་བྱེད་སྟངས་ཐོག་ཞིབ་ཕྲ་ཤེས་རྒྱ་ཆེ་རུ་ཕྱིན་ཡོད་པའི་རེ་བ་ཞུ་བཞིན་ཡོད། འདི་ནི་ངས་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ང་ཚོ་ད་ལྟ་སློབ་སྦྱོང་སྦྱང་བཞིན་པ་ཡིན་སྟབས། འདི་ལྟ་བུའི་ཁྱད་ལས་པའི་ཟབ་སྦྱོང་གིས་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་འདུག དེར་བརྟེན་ངས་ཟབ་ཁྲིད་པ་རྣམས་ལ་ཟབ་ཁྲིད་ཧ་ཅང་གི་ཡག་པོ་གནང་བར་ཡིད་རང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱིས་ཟབ་སྦྱོང་གི་འགྲོ་གྲོན་ཆེད་ཡུ་རོབ་མཐུན་ཚོགས་བརྒྱུད་རོགས་དངུལ་ཐབས་འཚོལ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐུ་ཚབ་དོན་གཅོད་རྣམས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་བྱུས་སྟོན་པ་དང་། གསར་འགོད་པ་བཅས་ཚན་པ་ལྔ་དང་འབྲེལ་བ་གནང་དགོས་ཡོད་པ་མ་ཟད། དཔལ་འབྱོར་གྱི་རོགས་རམ་ཡང་འཚོལ་དགོས། སྐུ་ཚབ་དོན་གཅོད་ཀྱི་ལོ་འཁོར་ཚོགས་ཆན་ལོ་ལྟར་ཚོགས་སྲོལ་ཡོད། དེ་སྔ་སྐུ་ཚབ་དོན་གཅོད་ཀྱི་ལོ་འཁོར་ཚོགས་ཆན་སྐབས་གྲོས་ཆོད་བཞག་པའི་དོན་ཚན་ཁག་མང་པོ་ཞིག་ཡིག་ཐོག་ཏུ་འཁོད་པ་ལས་ལག་བསྟར་རྒྱུན་སྐྱོང་མ་ཐུབ་པར་ལུས་པ་དེ་འདྲ་ཡོང་བཞིན་ཡོད། འོན་ཀྱང་ད་ཆ་ཟབ་སྦྱོང་འདི་ལྟ་བུ་ལ་བརྟེན་ནས་འབྱུང་འགྱུར་གྲོས་ཆོད་གང་བྱུང་བ་རྣམས་ཡིག་འབྲུར་མ་ལུས་པར་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།