༢༠༡༥ ཟླ་ ༥ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟ་ ༥ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དགུ་དང་ལས་བྱེད་རྣམ་པ། དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་དང་དྲིལ་བསྒྲགས་དྲུང་ཆེ། ཕྱི་དྲིལ་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་བཅས་ལ་ཉིན་གྲངས་བཅུ་གཅིག་རིང་ཨ་རིའི་མངའ་སྡེ་ཝིར་ཇི་ནི་ཡར་ Virginia ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གནང་ནས་གོང་ཚེས་ཉིན་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་ཡོད་འདུག དེ་ཡང་ཟབ་སྦྱོང་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། ཐེངས་འདིར་ང་ཚོར་ཟབ་ཁྲིད་གནང་མཁན་རྣམས་ཤེས་འཇོན་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཤ་སྟག་ཡིན་སྟབས་ང་ཚོས་འབྱུང་འགྱུར་ཕྱི་འབྲེལ་སྲིད་བྱུས་ཐོག་ཕྱག་ལས་གནང་སྐབས་དེ་སྔ་ལས་ནུས་པ་ཆེ་བ་འདོན་ཐུབ་རྒྱུར་ཡིད་ཆེས་ཞུ་རྒྱུ་ཡིན། ཟབ་སྦྱོང་འདི་ལྟ་བུ་ཡང་ཡང་གོ་སྒྲིག་ཞུ་ཐུབ་ཚེ་དགེ་མཚན་དང་ཕན་རླབས་ཆེན་པོ་ཡོང་རྒྱུ་དང་། ལྷག་པར་ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ལ་འབྲེལ་བ་བྱེད་ཕྱོགས་དང་མང་ཚོགས་ལ་གཏམ་བཤད་སྤེལ་ཕྱོགས་སོགས་ཀྱི་ཐད་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད།
ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ཡང་ཟབ་སྦྱོང་བདུན་ཕྲག་གཉིས་པའི་ནང་བརྗོད་གཞི་གཙོ་གྲས་ཁག་འགའ་ཤས་ཐོག་གོ་བསྡུར་གནང་ཡོད་པ་རྣམས་ནི། གཞི་རྩའི་ཕྱི་འབྲེལ་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སྐོར་དང་། རང་བྱུང་ཐོན་སྐྱེད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། དེ་བཞིན་ཆུའི་ཐོན་སྐྱེད་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་འབྲེལ་ལམ་བྱེད་ཕྱོགས་སོགས་ཡིན་འདུག ཟབ་སྦྱོང་རིང་ཟབ་སྦྱོང་བ་རྣམས་ཨ་རིའི་གཞུང་གི་ཕོ་བྲང་དཀར་པོས་གཙོས་ལྷན་ཁང་འདྲ་མིན་ནང་གཟིགས་ཞིབ་གནང་བ་མ་ཟད། བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁང་གི་ལས་བྱེད་རྣམས་དང་ཐུག་འཕྲད་གནང་ཡོད། ཕྱོགས་མཚུངས་ཁོང་རྣམས་ཨ་རིའི་རྒྱལ་ཡོངས་མང་གཙོ་སྲུང་སྐྱོབ་བསྟི་གནས་ཁང་(National Endowment for Democracy) དང་། ཨ་རིའི་སྐུ་ཚབ་དོན་ཁང་བཅས་སུ་ཕེབས་འདུག