༢༠༡༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༥ ཟ་ ༥ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང། རྟ་དབང་དུས་སྟོན་ཚོགས་ཆུང་ནས་བོད་ཀྱི་ཟློས་གར་ཚོགས་པར་གཞུང་འབྲེལ་མགྲོན་འབོད་གནང་བ་བཞིན། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཙོས་པས་དགེ་རྒན་དང་སྒྱུ་རྩལ་བ་གྲངས་ ༣༥ ཕྱི་ལོ་ ༢༠༡༥ ཟླ་བ་ ༤ ཚེས་ ༢༥ ཉིན་རྡ་ས་ནས་ཐོན་ཏེ་རྒྱ་གར་རྒྱལ་ས་ལྡི་ལི་ནས་མེ་འཁོར་བརྒྱུད་ཕྱི་ཚེས་ ༢༩ མཚན་མོར་མོན་རྟ་དབང་དུ་འབྱོར་སྐབས་སྣེ་ལེན་གཟབ་རྒྱས་གནང་།
ཕྱི་ལོ་ ༢༠༡༥ ཟླ་བ་ ༥ ཚེས་ ༡ ཉིན་རྟ་དབང་དུས་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་གཙོ་འཛིན་སྐུ་ཞབས་ནིར་བྷེ་ཤར་མ་ Mr. Nirbhay Sharma མཆོག ཞྭ་སེར་བསྟན་པའི་གཙུག་རྒྱན་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག བློན་ཆེན་ཁག རྫོང་དཔོན། བསྐོར་སྲུང་སྤྱི་ཁྱབ། དྲག་པོའི་དཔོན་རིགས་ཁག མང་ཚོགས་ལྔ་སྟོང་བརྒལ་བར་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས་ཏེ་མང་ཚོགས་ནས་དགའ་མོས་ཧ་ཅང་ཤུགས་ཆེ་ཐོབ་པ་བྱུང་།
ཕྱི་ཚེས་ ༢ ཉིན་རྟ་དབང་ཁྲོམ་གཞུང་དུ་ལྷ་མོའི་གཞུང་ནས་ཟུར་བཏོན་ཞུས་པའི་རྔོན་པའི་འདོན་གཟིགས་འབུལ་དང། དུས་སྟོན་གྱི་སྡིངས་ཆའི་སྟེང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་གྱི་ལེའུ་གཅིག་དང། བོད་ཀྱི་ཡུལ་ལུང་སོ་སོའི་གཞས་སྣ་འཁྲབ་སྟོན་ཞུས། ཕྱི་ཚེས་ ༣ ཉིན་ལྷ་གཞུང་འགྲོ་བ་བཟང་མོ་ཉིན་འཁྱོངས་གཟིགས་འབུལ་ཐོག་ལྷ་གཞུང་མོན་སྐད་དུ་གཞུང་བསྲངས་ཞུས་པས་མང་ཚོགས་ལ་སེམས་འཚོར་ཧ་ཅང་ཤུགས་ཆེ་སྤྲད་ཐུབ་པ་བྱུང་།
ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་རྟ་དབང་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་བྷམ་ཀྲུ་ཀི Mr. Nabam Tuki མཆོག།སོ་ནམ་བློན་ཆེན་མཆོག།ཡུལ་ཁོར་སྤྲོ་འཆམ་བློན་ཆེན་མཆོག
རྟ་དབང་མཁན་རིན་པོ་ཆེ། གྲོས་ཚོགས་འཐུས་མི་རྣམ་པ། གཞན་ཡང་མངའ་སྡེའི་དཔོན་རིགས་དང་མང་ཚོགས་ཁྲི་བརྒལ་བའི་སར་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས་པར་མང་ཚོགས་ནས་དགའ་མོས་ཧ་ཅང་ཆེན་པོ་ཐོབ་པ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པར་ཆེས་བསྟོད་དྲན་རྟེན་གྱི་ཕྱག་རྟགས་ཤིག་ཀྱང་གནང་བ་དང་།
བོད་ཀྱི་ཟློས་གར་ཚོགས་པས་ངོས་ནས་ཀྱང་འབྲེལ་ཡོད་དཔོན་རིགས་ཁག་ལ་ཕྱག་རྟགས་ཕུལ་བ་བཅས་ཐེངས་འདིའི་བསྐོར་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཐོག་མངའ་སྡེའི་བློན་ཆེན་ཁག་ནས་དགྱེས་ཚོར་ཆེན་པོས་འབྱུང་འགྱུར་སླར་ཡང་འཁྲབ་སྟོན་ཡོང་བའི་མགྲོན་འབོད་ཀྱང་གནང་། འཁྲབ་སྟོན་པ་རྣམས་ཕྱི་ཚེས་ ༩ ཉིན་བཞུགས་སྒར་དུ་བདེ་ཐང་ཐོག་ཕྱིར་འཁོར་ཡོད་འདུག