༢༠༡༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པ། ཞེས་པ་རང་དབང་ཅན་གྱི་ཚན་པ་དེས་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་སྙན་ཐོ་ཞིག་བཏོན་འདུག་པ་དེའི་ནང་། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དམིགས་བསལ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ནས་རྒྱ་ནག་མི་མང་ཚོའི་ཆོས་དད་རང་དབང་བརྡལ་བཤིག་གཏོང་བཞིན་ཡོད་སྟབས། རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་རྒྱ་ནག་ཏུ་ཆོས་དད་རང་དབང་གི་གནས་སྟངས་དེ་སེམས་འཚབ་བྱ་ཡུལ་ཞིག་ཏུ་ངོས་འཛིན་གནང་དགོས། ཞེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པས་ཨ་རིའི་གཞུང་ལ་ལམ་སྟོན་གནང་འདུག
སྤྱིར་ཨ་རིའི་གཞུང་གིས་ཕྱི་ལོ་ ༡༩༩༩ ནས་ད་བར་རྒྱ་ནག་ནི་ཨ་རིའི་གཞུང་གིས་དམིགས་བསལ་སེམས་འཚབ་བྱེད་དགོས་པའི་རྒྱལ་ཁབ་ཀྱི་གྲས་སུ་བཅུག་ཡོད་པ་དང་ལྷག་པར་ཉེ་བའི་ཆར་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ནང་སླར་ཡང་ཨ་རིའི་གཞུང་གིས་རྒྱ་ནག་ལ་སེམས་འཚབ་བྱེད་དགོས་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པ་འདི་ཐོག་མར་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་གནང་ནས་ད་བར་ཆོས་དད་རང་དབང་གི་སྙན་ཐོ་ཐེངས་ ༡༥ བཏོན་ཟིན་པ་དང་ཐེངས་འདིའི་སྙན་ཐོ་འདོན་ཐེངས་ ༡༦ ཆགས་འདུག སྙན་ཐོ་དེའི་ནང་རྒྱལ་ཁབ་ ༣༣ ནང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་ཇི་འདྲ་གཏོང་བཞིན་ཡོད་པ་རྣམས་ཞིབ་ཕྲ་བཀོད་འདུག
དེ་ཡང་རྒྱ་ནག་གི་ཆོས་དད་རང་དབང་རྡལ་བཤིག་བཏང་བའི་སྐོར་ལ་སྙན་ཐོའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་རང་གི་མི་མང་ཐོག་དབང་ཆ་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་ཡོད། དཔེར་ན། ཆོས་དད་རང་དབང་ལྟ་བུར་མཚོན་ན། ཡུ་གུར་ཁ་ཆེ་དང་བོད་པའི་ནང་པ། དེ་བཞིན་ཡི་ཤུ་རྣམ་དག་གི་ཆོས་པ་དང་། ཆོས་འཁོར་སྒོམ་བསྒྲུབ་སོགས་ཀྱི་རང་དབང་ཐོག་སྔར་བྱུང་མྱོང་མེད་པའི་དམ་བསྒྲགས་ཐོག་ཆོས་དད་ལ་རྩིས་མེད་རྡོག་རོལ་བཏང་ཡོད། ཆོས་ལ་ཡིད་ཆེས་བྱེད་མཁན་རྣམས་མུ་མཐུད་ནས་འཛིན་བཟུང་བྱས་པ་དང་། ཉེས་ཆད་བཏང་བ། བདེན་པའི་ཐོབ་ཐང་མ་སྤྲད་པ། ཡུན་རིང་བཙོན་འཇུག་གི་ཁྲིམས་ཆད་བཏང་བ་མ་ཟད། མཚམས་རེ་མཆོད་ཁང་དང་ལྷ་ཁང་སོགས་གཏོར་བཤིག་གཏོང་བཞིན་ཡོད། ཅེས་སྙན་ཐོའི་ནང་འཁོད་འདུག
གཞན་ཡང་བོད་བརྒྱུད་ནང་བསྟན་སྐོར་སྙན་ཐོའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གཞུང་གིས་མཐོ་སྒང་བོད་ཀྱི་ས་ཁྱོན་ཡོངས་སུ་བོད་མིའི་ནང་ཆོས་ལ་དམ་བསྒྲགས་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། ཆོས་བྱེད་དགོན་སྡེ་དང་དགེ་བཙུན་རྣམས་ཀྱི་བྱེད་སྒོར་ཐེ་བྱུས་བྱས་ནས་སུན་གཙེར་བཟོ་བ་དང་། བཙོན་འཇུག་བྱས་པ། དེ་བཞིན་མནར་གཅོད་བཏང་དང་གཏོང་མུས་ཡིན་འདུག ཕྱོགས་མཚུངས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ལས་གཞི་སྤེལ་འགོ་བརྩམས་རྗེས་དགོན་སྡེ་ཁག་གཅིག་གཏོར་བཤིག་བཏང་བ་དང་དགོན་པར་དགེ་འདུན་པའི་ཞལ་གྲངས་ལ་ཚད་གཞི་བཟོས་ནས་དམ་བསྒྲགས་བྱས་པ།
དེ་བཞིན་དགེ་འདུན་པ་ལོ་ན་གཞོན་པ་ཁག་གཅིག་དགོན་པ་ནས་ཕྱིར་འབུད་བཏང་བ་སོགས་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་། ཉེ་ལམ་བོད་མི་ ༡༣༠ ལྷག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་རྔམ་སྟོན་བྱས་ནས་རང་ལུས་མེར་སྲེག་བཏང་ཡོད། དེའི་ཁོང་ནས་དགེ་བཙུན་ཡང་ཚུད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ད་དུང་མུ་མཐུད་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་བཞིན་པ་མ་ཟད། ཁ་བྲལ་བར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁ་བྲལ་རྩོད་ཀྱི་མེད། ཅེས་ཡང་ཡང་བཀའ་སྩོལ་བཞིན་ཡོད། ཅེས་སྙན་ཐོའི་ནང་འཁོད་འདུག
ཕྱོགས་མཚུངས་སྙན་ཐོའི་ནང་དེ་སྔ་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ལ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀག་ཉར་གྱིས་རྡུང་རྡེག་ཚ་འདྲི་ཚད་ལས་བརྒལ་བ་བྱས་ཤིང་། ཐ་ན་ཟས་དང་གཉིད་བཀག་པ་དང་། ཟུག་གཟེར་གཏོང་བའི་དུག་ཁབ་བརྒྱབ་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན་ལུས་པོ་ནད་གཅོང་དུ་གྱུར་ནས་གསོན་རེ་བྲལ་སྟབས། རྒྱ་ནག་གཞུང་གིས་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་མི་རིང་བར་ཁོང་འདས་གྲོངས་སུ་གྱུར་ཡོད་ཅེས་དང་། ཕྱོགས་མཚུངས་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱིས་ཉེས་ཅན་སྦས་སྲུང་གི་ཉེས་པ། ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་རྩིས་མེད་རྡོག་རོལ་བཏང་བའི་དཔང་རྟགས་ཧ་ཅང་མང་པོ་ཡོད་པ་དེ་དག་གཞི་རྩར་བཟུང་ནས་རང་དབང་ཅན་གྱི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པས་ཨ་རིའི་གཞུང་ལ་ལམ་སྟོན་ཞུ་རྒྱུ་ནི། ཨ་རིའི་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་ལྷན་ཚོགས་སྐོར་གྱི་གླེང་མོལ་སོགས་གནང་སྐབས་རྒྱ་ནག་གི་ཆོས་དད་རང་དབང་གི་གནས་སྟངས་ཞན་པོ་ཡོད་པའི་སྐོར་གླེང་སློང་གནང་དགོས་པ་མ་ཟད། དེར་སེམས་འཚབ་ཤུགས་ཆེ་ཡོད་པའི་རྣམ་འགྱུར་མུ་མཐུད་ནས་འདོན་དགོས། ཕྱོགས་མཚུངས་འབྲེལ་ཡོད་རྒྱ་ནག་དཔོན་རིགས་ཚོ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཨ་རིའི་གཞུང་གི་ལངས་ཕྱོགས་ཁ་གསལ་འགྲེལ་བརྗོད་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་ཞིག་བཟོ་ཐུབ་དགོས་པའི་ལས་འགན་དེ་ར་སྤྲོད་གནང་རོགས་ཞེས་ལམ་སྟོན་གནང་འདུག