༢༠༡༥ ཟླ་ ༥ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོད་རྒྱུད་གྲྭ་ཚང་དུ་དད་ལྡན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བའི་དབུས་སྟོད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་ཤར་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་སོགས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་སྟོད་རྒྱུད་གྲྭ་ཚང་གི་རྭ་ཆེ་གཙུག་ལག་ཁང་དུ་གནས་གཟིགས་ཞིབ་པར་མཛད། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་༸གོང་ས་མཆོག་གིས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་རྭ་ཆེན་གཙུག་ལག་ཁང་དུ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་མཛད་པའི་རྒྱུད་ཐམས་ཅད་ཀྱི་མན་ངག་གི་གནད་བསྡུས་པ་གདམས་པའི་རྒྱལ་པོ་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པ། ལམ་རིམ་བསྡུས་དོན་བཅས་དང་། ༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་གསུང་རྒྱུད་ཆེན་ཤེས་རབ་སེངྒེ་ནས་བརྒྱུད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་སྩལ་ཡོད།
སྐབས་དེར་ཤར་རྩེ་ཆོས་རྗེས་བློ་བཟང་བསྟན་འཛིན་མཆོག་དང་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་ལས་ཟུར་རྣམ་པ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག གཞན་ཡང་རྒྱུད་སྟོད་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་རྣམ་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་ཕོ་མོ་དང་། ཕྱི་རྒྱལ་བ་རྒྱ་རིགས་དང་ཉི་ཧོང་པ། ཀོ་རི་ཡ་སོགས་ཁྱོན་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བའི་དབུས་ཐོག་མར་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན་༧གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་དང་འབྲེལ་བཀའ་སློབ་སྩལ་དོན། བར་སྐབས་སྟོད་རྒྱུད་གྲྭ་ཚང་ནས་བཀའ་ཆོས་ཁག་འགའ་ཤས་ཤིག་བྱུང་ཐུབ་ན་ཞེས་རེ་སྐུལ་གནང་སོང་། ཉིན་མང་པོ་སྦྲེལ་ཏེ་བཀའ་ཆོས་བྱས་པ་ཡིན་ན་ཐང་ཡང་ཆད་ཀྱི་འདུག བྱས་ཙང་།
དེང་སྐབས་ངོས་རང་ལོ་ན་གཞོན་པའི་སྐབས་དང་བསྡུར་ན་མི་འདྲ་བ་རེད་འདུག བར་སྐབས་པུས་མོའི་དཀའ་ངལ་ཡོད་པའི་སྐབས་ངས་སྨན་པ་རིགས་གཅིག་རྐང་འཛིན་མཁས་པ་དེ་འདྲར་སྟོན་གྱི་ཡོད། ཁ་སང་འཇར་མ་ནི་ནས་ཡིན་པའི་སྨན་པ་མཁས་པ་ཞིག་གིས་པུས་མོ་དང་གཟུགས་གཞིར་བརྟག་དཔྱད་བྱེད་སྐབས་ཁོང་གིས་ངོས་རང་གི་གཟུགས་པོའི་གནས་སྟངས་ཡག་པོ་འདུག་ཅེས་དང་། ངོས་ཀྱི་པུས་མོའི་གནས་སྟངས་སྐྱོན་དེ་ཙམ་ཆེ་བ་མི་འདུག དབྱིན་ཇིའི་ཚིག་ནང་བཅོ་བརྒྱད་དང་བརྒྱད་ཅུ་གཉིས་(eighteen and eighty) སྒྲ་འདྲ་པོ་ཡོད་དུས།
ངོས་རང་བཅོ་བརྒྱད་མ་རེད། བརྒྱད་བཅུ་རེད། ཅེས་ཁོང་གིས་རྩེད་མོ་དང་སྦྲགས་གསུངས་པ་དེ་དངོས་ཡོད་ཀྱང་རེད། དེ་བཞིན་ཁོང་ནས་ངོས་ལ། ལུས་དེ་ག་ལེར་མར་རྒུད་འགྲོ་གི་ཡོད་སྟབས་བཟོ་རྒྱུ་ཞེ་དྲགས་ཡོད་མ་རེད་ཅེས་སྨན་པས་གསུང་སྐབས། ངོས་ཀྱིས་སྐད་ཆ་འདི་གདམས་ངག་རང་གོ་བྱུང་། དངོས་གནས་རང་རེད། སོ་སོའི་སེམས་ནང་གཞོན་པའི་སྣང་བ་རང་ཤར་རྗེས་པུས་མོ་མི་བདེ་བ་ཡོང་སྐབས་པུས་མོ་ན་གི་འདུག ཅེས་ལབ་པ་ལས་སྨན་པ་སྤོ་ལགས་དེས་གསུངས་པ་དངོས་གནས་བདེན་པ་རེད་བསམས་བྱུང་། ཡུན་རིང་པོར་ཆོས་འབྲེལ་བྱེད་དགོས་པ་བྱུང་ན་ཏོག་ཙམ་ཐང་ཆད་ཀྱི་འདུག ལོ་དེའི་ནང་ཕར་ཚུར་འགྲོ་དགོས་པ་དེ་འདྲ་མང་པོ་ཆགས་ཀྱི་འདུག བྱས་ཙང་སྔོན་ལ། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་རྟོགས་བདུན་མཆན་འགྲེལ་དེ་བཤད་རྒྱུན་དཀོན་པོ་ཞེ་དྲགས་རེད།
སྔོན་མ་རྒྱུད་སྨད་དུ་ཚར་གཅིག་རྟོགས་བདུན་མཆན་འགྲེལ་དེ་བཏོན་ཡོད། དེ་རིང་སྔོན་ལ་རྟོགས་བདུན་མཆན་འགྲེལ་གཅིག་འདོན་པ་ཡིན་ན། དེར་སྔོན་འགྲོ་དབང་གཅིག་དགོས་པ་ཡིན། དབང་དེ་རྒྱུད་གྲྭ་སྟོད་སྨད་གཉིས་དང་དེའི་ནང་གསེས་ནས་གསང་བ་འདུས་པ་གཙོ་བོ་རེད། ནམ་རྒྱུན་བཤད་སྲོལ་དུའང་། འགྲོ་ན་གསང་བ་འདུས་པ། །བསྡད་ན་གསང་བ་འདུས་པ།། ཅེས་བཤད་སྲོལ་ཡོད། ཅེས་སོགས་དང་ཡང་མུ་མཐུད་བཀའ་སློབ་སྩལ་དོན། དེ་ཙམ་དུ་མ་ཟད་སངས་རྒྱས་ཀྱི་ཆོས་ཟེར་བ་འདི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བ། རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ངོ་འཕྲོད་དགོས་པ་ཞིག་ཆགས་ཡོད། ཆོས་ལ་དད་པ་ཡོད་རུང་མེད་རུང་རྟེན་བྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེར་རྣམ་དཔྱོད་ཅན་གྱི་མི་ཞིག་གིས་བལྟ་བ་ཡིན་ན་དེ་ལ་བསམ་བློ་གཏོང་རྒྱུ་འདུག་བསམ་པ་ཞིག་བློ་ལ་ཤར་གྱི་རེད། ང་ཚོས་སྟོང་ཉིད་ལྟ་བ་བསྒོམ་རྒྱུ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་ཕྱིར་བསྒོམས་ཀྱིས་ཡོད། ཕྱིའི་རྟེན་བྱུང་གི་དེ་ཁོ་ན་ཉིད་ཟེར་བ་དེ་དངོས་པོའི་གནད་ལུགས་བཤད་པ་དེ་ཡིན། ལྟ་བ་དེས་མིའི་རྣམ་དཔྱོད་རྒྱ་ཆེ་རུ་དང་གུ་ཡངས་པར་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་ཆོས་སྤྱིའི་འགྲོ་སྟངས་དེ་ང་རང་ཚོས་ཤེས་པར་བྱ་དགོས་པ་དེ་ཤིན་གལ་ཆེན་པོ་རེད།
དེ་རིང་རྒྱའི་ཆོས་གྲོགས་མང་པོ་ཞིག་ཕེབས་འདུག ཁྱེད་རང་ཚོས་དེ་དེབཞིན་སློབ་སྦྱོང་བྱས་ནས་དོ་སྣང་ཆེ་ཙམ་བྱས་ཏེ་སྦྱང་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོ་རང་ཉིད་ཀྱི་ཉམས་ལེན་བྱས་པའི་ཐོག་ནས་བཤད་ན། སངས་རྒྱས་པའི་ཆོས་དེ་ཐབས་དང་ཤེས་རབ་ཀྱི་འགྲོ་སྟངས་དེ་དག་ཡག་པོ་ཤེས་པའི་ཐོག་ནས་ཉམས་ལེན་བྱས་ན། དད་པ་དེ་ཡང་རྒྱུ་མཚན་མཐོང་བའི་དད་པ་ཡིན་པར་བརྟེན་ཤེས་ནས་དད་པ་ཐོབ་པ་ཞིག་ཡིན་སྟབས་དད་པ་བརྟན་པོ་ཆགས་ཀྱི་རེད། ང་རང་ཚོའི་བོད་གངས་ཅན་གྱི་ལྗོངས་ལ་ཆོས་བརྒྱུད་མི་འདྲ་བ་ཡོད་པ་དེ་དག་གི་ཁུངས་གཏུགས་ས་དཔལ་ནཱ་ལེནྡྲ་ནས་ཡོང་བ་གཅིག་མཚུངས་རེད། རྒྱུད་སྡེ་མི་འདྲ་བའི་ཐོག་ནས་སྔགས་དང་འབྲེལ་བའི་ཉམས་ལེན་བྱེད་སྟངས་མི་འདྲ་བ་ཡོང་གི་ཡོད། རྩ་བ་ཁུངས་གཏུགས་ས་གཅིག་པ་ཆགས་ཀྱི་ཡོད། དེར་བརྟེན་སྔ་འགྱུར་རྙིང་མར་ཆ་བཞག་ན་སློབ་དཔོན་ཐུགས་རྗེ་ཅན་དང་། ཚད་མའི་གཞུང་དེ་དག་གཙོ་བོ་མཁན་ཆེན་ཞི་བ་འཚོ་ནས་མར་ཡོང་བ་ཞིག་ཡིན། དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཆགས་ཡོད། བཀའ་བརྒྱུད་ཆ་བཞག་ན་མར་མེ་དྭགས་གསུམ་རེད། མར་པའི་བླ་མ་རྒྱ་གར་གྱི་མཁས་པ་མང་པོ་ཡོད་ཁོངས་ནས་གཙོ་བོ་པཎ་ཆེན་ནཱ་རོ་པ་ཆགས་ཡོད། ས་སྐྱ་ཆ་བཞག་ན་བིར་ཝ་པ་རེད། ཕྱིའི་རིག་པ་འཛིན་པའི་བརྟུལ་བཞུགས་ལ་གནས་ནས་བིར་ཝ་པ་ཅེས་གསུངས་པ་རེད། སྐུ་ཚེའི་སྟོད་ལ་གནས་བརྟན་ཆོས་སྐྱོང་ཟེར་བ་དེ་རེད། ཁོང་ཡང་ན་ལེནྡྲའི་མཁས་པ་ཆགས་ཡོད། བཀའ་གདམས་གསར་རྙིང་ཆ་བཞག་ན་ཇོ་བོ་རྗེས་བི་ཀྲ་མ་ཤི་ལ་དང་ནཱ་ལེནྡྲའི་མཁས་པའི་གཞུང་གི་རྗེས་སུ་འབྲང་མཁན་ཡིན་པ་ཧ་ཅང་གསལ་པོ་རེད། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རིས་སུ་མ་ཆད་པ་ཚང་མ་ནཱ་ལེནྡྲའི་ཆོས་བརྒྱུད་ནས་ཡོང་བ་ཡིན་པ་གཅིག་མཚུངས་ཆགས་ཡོད། ང་ཚོ་ཆོས་བརྒྱུད་ཚང་མས་འབྱུང་ཁུངས་གཅིག་ཡིན་སྟབས། གཞུང་ཕན་ཚུན་གོ་བསྡུར་དང་བལྟ་རེས་བྱེད་ན་ཧ་ཅང་ཡག་པོ་རེད།
ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད། ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་དཔལ་གསང་བ་འདུས་པའི་དབང་གི་སྔོན་འགྲོའི་ལྟ་གོན་དང་། ཕྱི་ཚེས་ ༡༢ ཉིན་དཔལ་གསང་བ་འདུས་པའི་བཀའ་དབང་བུམ་དབང་བར་དང་། ཕྱི་ཚེས་ ༡༣ ཉིན་བཀའ་དབང་གོང་མ་གསུམ་བཅས་ཤིན་ཏུ་རྒྱས་པའི་ལུགས་སུ་བསྩལ་ནོད་སྐལ་བཟང་དང་འབྲེལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་གྱི་བཤད་ལུང་མན་ངག་བཅས་སྩལ་རྒྱུ་ཡིན་འདུག