༢༠༡༥ ཟླ་ ༥ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ནང་རྟེན་གཞི་བྱས་པའི་བྷ་ལ་ཇི་སྨན་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། སྨན་ཁང་གི་གསར་འགྱུར་ཚན་པའི་མཉེན་ཆས་གསར་པ་ཨ་བྷི་ཨ་བྷི་ ཞེས་བོད་སྐད་དུ་བསྒྱུར་ན། ད་ལྟ་རང་ངམ་། ད་ལྟ་ད་ལྟ། (www.himachalabhiabhi.com) ཞེས་པའི་མཉེན་ཆས་གསར་པ་ (mobile Apps) ཞིག་དབུ་འབྱེད་མཛད་ཡོད། དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་སྨན་ཁང་དུ་༸ཞབས་སོར་འཁོད་སྐབས་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་བློན་ཆེན་སྐུ་ཞབས་སུ་དིར་ཤརྨ་མཆོག་དང་བྷ་ལ་ཇི་སྨན་ཁང་གི་གསར་འགྱུར་ཚན་པའི་ Shree Balaji Media Innovations Pvt Ltd འགན་འཛིན་སྐུ་ཞབས་རཱ་ཇེཤ་ཤརྨ་ (Rajesh Sharma) ལགས་སོགས་འབྲེལ་ཡོད་རྣམས་ཀྱིས་ཡུལ་སྲོལ་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ཧི་མཱ་ཅལ་ཨ་བྷི་ཨ་བྷི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་སྐུ་ཞབས་ཨ་ནལ་པཊ་ཝ་ལགས་ཀྱིས་དྲི་བར་བཀའ་ལན་མཛད་གྲུབ་མཚམས། ཚོགས་ཁང་གསར་པའི་ནང་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་གྲལ་དུ་༸ཞབས་སོར་འཁོད་བསྟུན་ཐོག་མར་བློན་ཆེན་སུ་དིར་ཤརྨ་མཆོག་གིས་གསུང་བཤད་གནང་དོན། འཕྲུལ་རིགས་ཀྱི་དུས་རབས་འདིར་ཧི་མཱ་ཅལ་མངའ་ཁུལ་ནས་ལག་འཁྱེར་ཁ་པར་ནང་གསར་འགྱུར་གཏོང་རྒྱུ་ཡོད་པའི་མཉེན་ཆས་བཟོ་ཐུབ་པ་དེ་ཡག་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གཞི་རྩའི་འཛམ་གླིང་ནང་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན། དེར་བརྟེན་ངོས་ཀྱིས་གཏམ་བཤད་ནམ་བྱེད་སྐབས་སྤུན་ཟླ་ཕོ་མོ་རྣམ་པ་ཞེས་བརྗོད་ཀྱི་ཡོད།
དེ་རིང་ངོས་རང་འདིར་ཡོང་ནས་གསར་འགྱུར་མཉེན་ཆས་གསར་པ་འདི་འགོ་འབྱེད་བྱ་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། མཉེན་ཆས་འདི་གསར་འགྱུར་ཙམ་མ་ཟད་ཤེས་བྱ་ཡོན་ཏན་གྱི་འབྱུང་ཁུངས་ཤིག་ཀྱང་ཡིན་སྟབས་ངོས་རང་དེ་རིང་འདིར་ཡོང་ནས་དབུ་འབྱེད་བྱ་རྒྱུ་བྱུང་བ་དགའ་སྤོབས་ཆེན་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལོ་ ༨༠ ལ་བསླེབས་པ་རེད། འོན་ཀྱང་ལག་ཐོགས་ཁ་པར་བརྒྱུད་ནས་མཉེན་ཆས་འདི་འདྲ་འགོ་འབྱེད་བྱེད་ཐེངས་དང་པོ་ཡིན། ང་ཚོ་ད་ལྟ་དུས་རབས་ ༢༡ ནང་བསླེབས་ཡོད། དུས་རབས་ ༢༠ ནང་བལྟས་པ་ཡིན་ན། མིའི་བསམ་བློ་གཏོང་སྟངས་དེ་རིང་ཁ་སང་དུས་རབས་ ༢༡ མིའི་བསམ་བློ་གཏོང་སྟངས་དབར་ཕལ་ཆེར་འགྱུར་བ་ཕྱིན་ཡོད། དེང་སྐབས་སྤྱི་ཡོངས་ཀྱི་མིའི་བསམ་བློའི་ནང་ཞི་བདེ་ལ་དགའ་ཞེན་གྱིས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་བྱེད་རྒྱུ་ཞེ་ཐག་པ་ནས་བློ་ཕམ་པ་ཙམ་མིན་པར་ཡིད་སུན་སྣང་སྐྱེ་རྒྱུ་གཅིག་ཕལ་ཆེར་འཛམ་གླིང་འདིའི་སྟེང་བསླེབས་ཡོད། བསམ་བློ་དེ་དུས་རབས་ ༢༠ ནང་ལས་དེང་སྐབས་ཕལ་ཆེར་ཤུགས་ཆེ་བ་ཡོད། དེར་བརྟེན་མེས་པོ་དམ་པ་གྷན་དྷིས་གསུང་པའི་འཚེ་བ་མེད་པའི་ལྟ་སྤྱོད་དེར་རྗེས་སུ་ཡི་རང་དང་ཡིད་སྨོན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། དེ་བཞིན་ཁོར་ཡུག་སྐོར་དོ་སྣང་བསླེབ་རྒྱུ་དེ་ཡང་ཧ་ཅང་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
དེ་བཞིན་དབུལ་ཕྱུག་ངོས་མི་སྙོམ་པ་ཡོད་པ་དེར་བསམ་ཚུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ལྟ་བུ་འདུག དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པའི་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེར་ཡང་མི་ཚོས་སྐྱོན་ཆེན་པོ་བལྟས་ནས་འགོག་ཐབས་བྱེད་རྒྱུ་དེ་ཧ་ཅང་ཤུགས་ཆེན་པོ་འདུག དེ་འདྲ་ཡོང་རྒྱུ་དེ་མིས་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་རྟོགས་ཆེ་རུ་ཕྱིན་པར་བརྟེན་ནས་ཡོང་བ་ཞིག་རེད། དཔེར་ན་དམག་འཁྲུག་ལ་མཚོན་ན། མི་གསོད་ཁྲག་སྦྱོར་དང་རྨས་ནས་ཁྲག་ཐོན་པ་དེ་འདྲ་མཐོང་སྐབས་མིའི་སེམས་ནང་རང་བཞིན་གྱིས་ཨ་ཙི་འཚེ་བ་ཟེར་རྒྱུ་དེ་གང་དྲག་བསམ་པའི་ཚོར་བ་དེ་འདྲ་ཞིག་ཡོང་བཞིན་ཡོད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་གིས་འཛམ་གླིང་ནང་གནས་ཚུལ་གང་དུ་བྱུང་བ་རྣམས་འཛམ་གླིང་མི་མང་པོས་ཤེས་ཐུབ་པ་ཡོང་རྒྱུ་དེས་ཏན་ཏན་མིའི་བསམ་བློ་ལ་དོ་སྣང་གསར་པ་བསླེབ་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད་རེད་བསམ་བཞིན་འདུག
ང་ཚོ་ནུ་ཞོ་འཐུང་མཁན་གྱི་སྲོག་ཆགས་ནང་ནས་རྣམ་སྤྱོད་ལྡན་པའི་སྲོག་ཆགས་ཤིག་ཡིན། ང་ཚོ་མིའི་ཀླད་པ་དེ་དམིགས་བསལ་བ་ཞིག་ཡོད། དེར་བརྟེན་མིའི་རྣམ་སྤྱོད་དེ་ཚུལ་མཐུན་ལམ་ནས་བཀོལ་བར་དངོས་ཡོད་གནས་ཚུལ་ཆ་ཚང་བ་ཞིག་གོ་རྟོགས་ཡོང་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་དང་ཆབས་ཅིག་མིའི་རྣམ་སྤྱོད་བེད་སྤྱོད་བྱེད་རྒྱུ་ཡག་པོ་ཞིག་ཡོང་བར་ཕྱོགས་མང་པོ་ཞིག་གི་གནས་ཚུལ་ཤེས་ཐུབ་པ་ཞིག་དང་གོ་ཐུབ་པ་ཞིག་བྱུང་ན། མིའི་རྣམ་སྤྱོད་ཐོག་ནས་ལེགས་ཉེས་འབྱེད་རྒྱུའི་རྒྱུ་ཞིག་ཆགས་ཐུབ། གནས་ཚུལ་གཅིག་མ་གཏོགས་གོ་རྒྱུ་མེད་ན། དེ་རང་ཡིན་པ་རེད་བསམས་པ་མ་གཏོགས་མེད་པ་ལྟ་བུ་རེད། དེར་བརྟེན་གནས་ཚུལ་འདྲ་མིན་དུས་ཐོག་ཏུ་གཏོང་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་རྒྱ་གར་ཡུལ་འདི་འཛམ་གླིང་གི་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཆགས་ཡོད། གཞན་དང་བསྡུར་ན་ཞི་བདེ་བརྟན་ལྷིང་ཧ
་ཅང་ཡག་པོ་ཡོད། མང་གཙོའི་ལམ་ལུགས་ནང་གནས་ཚུལ་ཆེད་གསར་འགོད་པ་ཚོར་དམིགས་བསལ་འགན་ཞིག་ཡོད། གནས་ཚུལ་གཅིག་གིས་དངོས་ཡོད་གནས་སྟངས་ཆ་ཚང་བ་ཞིག་འགྲེལ་བརྗོད་ཐུབ་རྒྱུ་མ་རེད། དེར་བརྟེན་གནས་ཚུལ་འདྲ་མིན་གྱི་དངོས་ཡོད་གནས་སྟངས་ལ་ཕྱོགས་སོ་སོ་ནས་ལྟ་སྐབས་ཆ་ཚང་བ་ཞིག་ཡོང་གི་ཡོད། དེར་མིའི་རྣམ་སྤྱོད་ཀྱིས་ལེགས་ཉེས་འབྱེད་ཐུབ། མིའི་ཁྱད་ཆོས་གཞན་ཞིག་ནི་ང་ཚོ་མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན། མི་སྒེར་གྱི་འཚོ་ཐབས་སྤྱི་ཚོགས་ལ་བརྟེན་ཡོད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཚང་མ་མ་ལས་སྐྱེས་ཤིང་མའི་བྱམས་སྐྱོང་འོག་ནུ་ཞོ་འཐུང་ནས་སྐྱེ་ཚར་བྱུང་བ་གཅིག་མཚུངས་ཡིན། དེར་བརྟེན་ང་ཚོ་ཚང་མར་བྱམས་བརྩེའི་ནུས་པ་ཡོད། གང་ཡིན་བརྗོད་ན་ང་ཚོ་ཚང་མ་སྐྱེས་ཙམ་ཉིད་ནས་མའི་བྱམས་བརྩེའི་འོག་གསོ་སྐྱོང་བྱས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།