༢༠༡༥ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་༥ ཚེས་ ༡༠ ནས་ ༢༠ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་སྐུ་ཚབ་དོན་གཅོད་ཁག་གི་ལས་བྱེད་རྣམ་པའི་ཟབ་སྦྱོང་དུ་གསུང་བཤད་གནང་རྒྱུ་མ་ཟད། ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད། དེ་བཞིན་ས་གནས་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་གངས་ལྗོངས་ཆོས་ལྡན་གླིང་ནས་གོ་སྒྲིག་གནང་བའི་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་མཉམ་ཞུགས་དང་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་དང་། མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་ཡིན་འདུག དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་རྡ་ས་ནས་ག་གལ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་ཨ་རིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༢ ཉིན་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༢ ནས་ ༡༥ བར་ས་གནས་སུ་གཞུང་འབྲེལ་ལས་དོན་སྤེལ་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ཕེབས་ནས་ཉིན་གཉིས་རིང་ས་གནས་སུ་ལས་དོན་སྤེལ་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༡༧ ཉིན་ཝ་ཤིང་ཊོན་ནས་ནིའུ་ཡོཀ་ཏུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༨ ཉིན་ས་གནས་སུ་ལས་དོན་སྤེལ་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་ལྡི་ལིར་ཕེབས་འབྱོར་གནང་ནས་ལྡི་ལི་ནས་ག་གལ་བརྒྱུད་ཕྱི་ཚེས་ ༢༠ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག