༢༠༡༥ ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས།
༄༅། །དེང་སྐབས་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་རྒྱུན་གནས་ཐུབ་པ་ཞིག་ཡོང་རྒྱུར་ཕྱོགས་གང་སར་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་བོད་མི་ཚོ་ལའང་དམིགས་བསལ་གང་མེད་པར་དེ་མཚུངས་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཨི་སི་རེལ་ལིའི་ས་ཞིང་དང་འབྲེལ་བའི་འཕྲུལ་རིག་ཚན་པ་དང་མཉམ་རུབ་ཀྱིས་བོད་མིའི་སྐྱེ་ལྡན་སོ་ནམ་གྱི་སྟོན་ཐོག་ཡོང་བབ་མང་དུ་གཏོང་རྒྱུ་དང་། ཞིང་པའི་འཐོན་སྐྱེས་རྣམས་བསྡུ་གསོགས་རྗེས་ཁྲོམ་རྭར་མཉམ་དུ་ཚོང་རྒྱུ། དེ་བཞིན་ཞིང་པའི་འཐོན་སྐྱེད་རྣམས་ས་གནས་རང་དུ་ཚོང་རྒྱུའི་གོ་སྐབས་ཇི་ལྟར་སྤྲུན་དགོས་མིན་ཐོག་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྐྱེས་ལྡན་སོ་ནམ་སྦྱོངས་བརྡར་དང་ཉམས་ཞིབ་བསྟི་གནས་ཁང་དུ་ (ORTC) གོ་སྒྲིག་ཞུ་བཞིན་ཡོད་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་མཉམ་ agriculture cum cooperative division འགན་འཛིན་དྲུང་འཕར་འཆི་མེད་རིགས་འཛིན་ལགས་དང་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་གཉིས་ས་གནས་དེར་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣༠ ཉིན་རྟོག་ཞིབ་གནང་ཆེད་ཕེབས་པ་མ་ཟད། ཟབ་སྦྱོང་བ་རྣམས་ལ་དོ་སྣང་ཆེན་པོས་ཉན་འཇོག་གནང་ནས་ཕྱིས་སུ་འབྲེལ་ཡོད་སོ་ནམ་པ་གཞན་ལ་ལམ་སྟོན་དགོས་པ་དང་། ཟབ་སྦྱོང་གི་ངོ་བོ་དང་དམིགས་ཡུལ་རྣམས་གསལ་བཤད་གནང་འདུག
ཐེངས་འདིར་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཁོང་རྣམ་གཉིས་ས་གནས་དེར་ཕེབས་དགོས་དོན་གཙོ་བོ་ནི་ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་ཌེ་མི་བྷེན་ཧོ་རིན་ MR. DAMY BEN HORINལགས་དང་མཇལ་རྒྱུ་ཡིན་པ་དང་། ཁོང་ནི་ཨི་སི་རེལ་ཡུལ་གྱི་སོ་ནམ་ཞིང་ལས་ཐོག་ཆེད་མཁས་མི་སྣ་ཡིན་འདུག་པ་དང་། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཁོང་ཟབ་སྦྱོང་སྤྲོད་མཁན་ཆེད་མངགས་གཡར་ནས་་ཨི་སི་རེལ་གྱི་སོ་ནམ་འདེབས་ལས་སྐབས་དེང་རབས་འཕྲུལ་རིག་བཀོལ་སྤྱོད་བྱེད་ཕྱོགས་སྐོར་ལམ་སྟོན་གནང་བཞིན་ཡོད། ཟབ་སྦྱོང་སྐབས་མཉམ་ཞུགས་གནང་མཁན་བྷེལ་ཀོབ་བོད་མི་སོ་ནམ་པ་ཙམ་མ་ཟད། དོན་གཉེར་ཅན་ཚང་མར་ཟབ་སྦྱོང་ནང་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་ཕུལ་འདུག གཞན་ཡང་ཐེངས་འདིར་ཕྱི་ཟླ་ ༤ ཚེས་ ༣༠ ནས་ཕྱི་ཟླ་ ༥ ཚེས་ ༣ བར་སོ་ནམ་རིག་པའི་མཁས་དབང་ཁོང་དང་གོ་བསྡུར་གནང་མཐར་ལོ་གཅིག་རིང་སོ་ནམ་ལས་གཞི་དང་འབྲེལ་བའི་སློབ་ཚན་ཞིག་ཀྱང་གཏན་འབེབས་གནང་འདུག ཟབ་ཁྲིད་པ་ཁོང་ལ་བོད་མི་སོ་ནམ་པ་ཚོའི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་རྒྱུའི་ཆོད་སེམས་ཧ་ཅངཡོད་འདུག
གཞན་ཡང་ཐེངས་འདིར་ཟབ་ཁྲིད་པ་ཁོང་གིས་བོད་མིའི་ཞིང་སར་དངོས་སུ་ཕེབས་ནས་རྟོག་ཞིབ་གནང་འདུག