༢༠༡༥ ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༤ ཉིན་བལ་ཡུལ་བོད་མིའི་འབྲེལ་མཐུད་ལས་ཁུངས་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་བལ་ཡུལ་དུ་ས་ཡོམ་གྱི་གོད་ཆག་ཚབས་ཆེའི་འོག ད་བར་བོད་མི་བཅུ་རྐྱེན་འདས་སུ་གྱུར་བ་དང་། སེང་བྲག་དགོན་པའི་བཙུན་མ་གསུམ་དང་བོད་མི་ན་གཞོན་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པར་བརྟེན་ཐད་ཕུར་གནམ་གྲུ་བརྒྱུད་ཛ་དྲག་གི་ངལ་སྐྱོབ་འོག་ད་ལྟ་རྒྱལ་ས་ཀ་ཐ་མན་གྲུའི་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་འདུག ཁོང་རྣམ་པས་སྨན་བཅོས་འགྲོ་གྲོན་ཡོངས་རྫོགས་བལ་ཡུལ་བོད་མིའི་འབྲེལ་མཐུད་ལས་ཁུངས་བརྒྱུད་བཀའ་ཤག་གི་ངལ་སེལ་རོགས་དངུལ་ནས་གཏོང་བཞིན་ཡོད་འདུག
དེ་ཡང་བོད་མི་བཅུ་འདས་གྲོངས་སུ་གྱུར་བ་རྣམས་ནས་བྱིས་པ་གསུམ་དང་ལོ་ན་རྒན་པ་བདུན་ཡོད་ཁོངས་ནས་མཆོད་རྟེན་ཁུལ་གནས་སྡོད་ལོ་ན་ ༣༠ ལ་སོན་པའི་བོད་མི་འཆི་མེད་དང་། སེང་བྲག་དགོན་པའི་བཙུན་མ་གཅིག འཕགས་ཤིང་ནས་ལོ་ན་ ༢༩ སོན་པ་སངས་རྒྱས་ཕུར་བུ། བལ་བོད་ས་མཚམས་འགྲམ་ནང་ཚོང་ལས་གཉེར་བཞིན་པའི་བོད་མི་ལོ་ན་ ༤༥ སོན་པ་རྡོ་རྗེ་བཅས་ཡིན་འདུག དེ་མིན་འཕྲོས་བོད་མི་རྣམས་གླང་ཐང་རྫོང་དུ་གངས་རུད་འོག་ཚུད་ནས་འདས་གྲོངས་སུ་གྱུར་འདུག དེང་སྐབས་བལ་ཡུལ་ནང་གི་བོད་མི་ཚོའི་གནས་སྟངས་ཧ་ཅང་ཐབས་སྡུག་ཡོད་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ངལ་སེལ་རོགས་སྐྱོབ་ཆེད་བལ་སྒོར་འབུམ་ ༦༠ གནང་འདུག
ངལ་སེལ་རོོགས་དངུལ་དེ་དག་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བཀའ་ཤག་གིས་ཆེད་འཛུགས་གནང་བའི་ངལ་སེལ་ཚོགས་ཆུང་གིས་ལམ་སྟོན་གཞིར་བཟུང་ས་ཡོམ་གྱི་གོད་ཆག་ཕོག་པའི་ཁྲོད་གནོད་འཚེ་ཤུགས་ཆེ་ཆུང་ལ་གཞིགས་ཏེ་འགྲོ་གྲོན་གཏོང་རྒྱུ་དང་། བལ་སྒོར་འབུམ་དྲུག་ཅུ་གནང་བ་ནས་ངལ་སེལ་ཚོགས་ཆུང་ནས་ད་བར་མཆོད་རྟེན་དང་། འཇོར་པ་ཊི་ས་ཁུལ་ནང་འབུམ་བཞི་བགོ་འགྲེམས་ཟིན་པ་དང་། འཕགས་ཤིང་ཁུལ་དུ་འབུམ་གསུམ། འཇོར་ཁེལ་གཞིས་ཆགས་ལ་འབུམ་གཅིག། ཤ་ཝ་ར་གསུམ་ལ་འབུམ་གཉིས། དེ་མིན་ལྷག་འཕྲོས་རྣམས་ངལ་སེལ་ཚོགས་ཆུང་གིས་གནོད་འཚེ་ཆེ་ཆུང་ལ་རྟོགས་ཞིབ་མཐིལ་ཕྱིན་གནང་རྗེས་གནས་བབ་ལ་གཞིགས་ཏེ་བགོ་འགྲེམས་གནང་རྒྱུ་ཡིན་འདུག
དེ་ཡང་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ངལ་སེལ་ལས་གཞིའི་ཐོག་སྐུ་སྒེར་ངོས་ནས་སེམས་ཚབས་ཧ་ཅང་ཆེན་པོ་དང་གདུང་སེམས་མཉམ་སྐྱེ་ཐོག་ནས་འགན་འཁུར་བཞེས་བཞིན་པ་མ་ཟད། ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་སྦྲགས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་ས་ཡོམ་གྱི་གོད་ཆག་འོག་གནོད་འཚེ་ཕོག་པའི་བོད་མི་རྣམས་ལ་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག