༢༠༡༠ ཕྱི་ཟླ་ ༣ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་དབྱུག་རྩེད་ལྷན་ཚོགས་ (Himachal Pradesh Cricket Association) ཞེས་པའི་ཚོགས་པ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྩེད་འགྲན་ཆེན་མོའི་ (IPL) དབུ་འབྱེད་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་༸ཞལ་བཞེས་བཀའ་དྲིན་སྩལ་གནང་མཛད་ཡོད་པ་སྐུ་སྒེར་ཡིག་ཚང་ནས་འགྲེལ་བརྗོད་གནང་ཡོད། རྒྱ་གར་རྒྱལ་ཡོངས་ནང་དབྱུག་རྩེད་འགྲན་སྡུར་ (IPL) ཞེས་པ་ནི་མང་ཚོགས་རྣམས་ཀྱིས་ཤིན་ཏུ་དགའ་མོས་བྱ་རྒྱུའི་རྩེད་འགྲན་ཞིག་ཡིན་པ་དང་། དེ་ཡང་ཧི་མ་ཅལ་མངའ་སྡེའི་དབྱུག་རྩེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨ་ནུ་རག་ཐ་ཀུར་ (Anurag Thakur) ལགས་ཀྱིས་རྡ་སར་ (IPL) ཞེས་པའི་དབྱུག་རྩེད་འགྲན་བསྡུར་དེ་ཐེངས་གཉིས་ཙམ་རྩེད་འགྲན་བྱ་རྒྱུར་གོ་སྒྲིག་ཞུས་ཡོད། རྡ་སའི་ (IPL) རྩེད་འགྲན་ཚོགས་སའི་རྩེད་ཐང་ནང་མི་གྲངས་ ༢༠,༠༠༠ ཤོང་གི་ཡོད་ཅེས་བརྗོད་ཡོད་པ་བཅས།