༢༠༡༥ ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་གློ་སྒྲིག་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན། འདི་ག་གློ་སྒྲིག་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས་ཉིན་ཉེ་ལམ་ཕྱི་ཟླ་ ༤ པའི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་གཙོ་བོ་བལ་ཡུལ་གྱི་གཙོས་ཁྱིམ་མཚེས་རྒྱ་གར་དང་། བྷང་ལ་དེ་ཤི་འབྲུག དེ་བཞིན་བོད་ནང་ལའང་ས་ཡོམ་གྱིས་རྐྱེན་པས་མི་རྒྱུ་གཉིས་ཀར་བསམ་ཡུལ་ལས་འདས་པའི་གོད་ཆག་ཆེན་པོ་བྱུང་བ་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད། གློ་སྒྲིག་ཁྱབ་ཁོངས་
བལ་ཡུལ་སྤོག་ར་བྱམས་པ་གླིང་དང་།
དཔལ་འབྱོར་གླིང་། བཀྲིས་སྒང་བཅས་གཞིས་ཆགས་གསུམ་གྱི་ནང་ཡོད་པའི་ས་གནས་རྣམས་ནས་དངུལ་དང་གྱོན་ཆས་ཞལ་འདེབས་བསྡུ་རུབ་ཟིན་རྗེས་སྤོག་ར་ནས་ས་ཐག་ཀི་ལོ་མེ་ཀྲར་བརྒྱ་ལྷག་ཙམ་དུ་ཡོད་པའི་གོར་ཁ་རུ་ཆེད་བསྐྱོད་ཀྱིས་ཁུལ་དེའི་གྲོང་གསེབ་ཁྱིམ་ཚང་བརྒྱ་ཙམ་ཞིག་ལ་འབྲས། རྡ་ལི། བྱེ་མ་ཀ་ར། ཚ། ཅིབ་ར། ཇ། ཐུག་པ་སྐམ་པོ། སྦི་སི་ཀུ་ཀྲི། ཤོལ། ཀམ་པ་ལི་དང་གྱོན་ཆས་བཅས་སྤོག་རའི་ས་གནས་འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་ཀ་མལ་ཨར་ཡལ་དང་ས་གནས་དེ་གའི་ཚོགས་གཙོ་སྦར་ཏི་གུ་རུང་མཐོུང་ཐོག་བགོ་འགྲེམས་ཞུས་ཏེ་ཕན་ཐོགས་ཆེན་པོ་བྱུང་ཡོད།
ཆབས་ཅིག་ད་དུང་ཡང་གཡས་གཡོན་ས་གནས་གཞན་ཁག་ཏུ་འབྲེལ་བ་བྱས་དང་བྱེད་བཞིན་པ་ལ་སོང་ཟས་གོས་གང་འབྱོར་མུ་མཐུད་འགྲེམས་སྤེལ་བྱ་རྒྱུའི་ལས་འཆར་བཀོད་བཞིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༥ རེས་གཟའ་མིག་དམར་ཉིན་ཉེ་ལམ་ཕྱི་ཟླ་ ༤ པའི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་གློ་སྒྲིག་དཔལ་འབྱོར་གླིང་བཀྲིས་ཕྱོགས་ལས་རྣམ་རྒྱལ་ཚོགས་ཁང་ནང་ས་ཡོམ་གྱི་གོད་ཆག་བྱུང་བ་ལ་གདུང་སེམས་མཉམ་སྐྱེ་དང་འདས་སོན་གཉིས་ཀྱི་ཆེད་དུ་སྒྲུབ་བརྒྱུད་ཀྱི་བསྟན་པའི་མཛོད་འཛིན་སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་འཛིན་ཀུན་བཟང་འཇིགས་མེད་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་ཤངས་དགའ་ལྡན་ཆོས་འཁོར་དང་སྟག་ལུང་དགོན་པའི་མཁན་རིན་པོ་ཆེ་རྣམ་གཉིས་དབུས་པའི་དགེ་འདུན་པ་རྣམས་དང་། ས་གནས་ཡུལ་མི། དེ་བཞིན་ས་གནས་མི་མང་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་དང་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་བ་བཞིན་སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ནས་འཆི་མེད་དཔལ་གཏེར་གྱི་ཚེ་དབང་བཀའ་དྲིན་སྩལ་རྒྱུ་བཅས་ཀྱི་ལས་གཞི་གོ་སྒྲིག་ཞུས་ཡོད་འདུག