༢༠༡༥ ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མིཏ་ཤཱ་ BJP President Shri. Amit Shah མཆོག་དང་དབུས་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཇེ་པི་ནདྡཱ་ Shri J.P Nadda མཆོག དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་པྲེམ་ཀུ་མཱར་དུ་མལ་ Shri. P.K Dhumal མཆོག་དང་ཤན་ཏཱ་ཀུ་མཱར་ (Shri Shanta Kumar) མཆོག་བཅས་རྡ་སར་ཕེབས་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྣམ་གཉིས་ཀྱིས་བློན་ཆེན་རྣམས་དང་མཇལ་འཕྲད་ཞུས་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ནས་བོད་ནང་དུ་རྒྱ་ནག་གཞུང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་སྤེལ་ནས་ད་ལྟའི་ཆར་བོད་ནང་དུ་བོད་མི་རྒན་གཞོན་དང་། སྐྱ་སེར་ཕོ་མོ། དེ་བཞིན་བོད་མི་རྩོམ་པ་པོ་དང་ཞིང་འབྲོག སློབ་ཕྲུག གྲྭ་བཙུན་སོགས་མདོར་ན་ཆོལ་ཁ་གསུམ་ནང་བོད་མི་གྲངས་ ༡༣༨ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེ་ཁོངས་བོད་མི་ ༡༡༩ འདས་གྲོངས་སུ་གྱུར་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་ཞུས་པ་མ་ཟད། འདས་པའི་མི་ལོ་ ༥༠ ལྷག་རིང་རྒྱ་གར་དབུས་གཞུང་དང་ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་བཀའ་དྲིན་རྗེས་དྲན་ཡང་ཞུས་འདུག
གཞན་ཡང་སྐབས་དེར་སྐུ་ཞབས་ཇེ་པི་ནདྡཱ་མཆོག་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་བྷི་ཇེ་པི་སྲིད་གཞུང་གིས་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད། བྷི་ཇེ་པི་སྲིད་གཞུང་གིས་བོད་ནང་གི་བོད་མི་ཚོས་རང་གི་ཆེ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་གནང་བཞིན་པ་དེར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས།
སྤྱིར་ཁོང་ནི་ཡུན་རིང་ནས་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་མཁན་ཞིག་དང་བོད་མི་སྐྱབས་བཅོལ་བ་རྣམས་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོད་མཁན་ཞིག་ཡིན་འདུག ཕྱོགས་མཚུངས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་གཞིའི་སྐོར་དང་། ལྷག་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློ་ནད་ཊི་བྷིའི་གནས་སྟངས་ཛ་དྲག་ཡོད་སྐོར་དང་། འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་དང་སྨན་ཁང་སོགས་ཀྱིས་འབད་བརྩོན་ཇི་ལྟར་བྱས་ཀྱང་ད་དུང་ཊི་བྷིའི་ནད་གཞིའི་དཀའ་ངལ་དེ་མུ་མཐུད་ཛ་དྲག་འོག་གནས་ཡོད་སྐོར་སོགས་ཞུས་འདུག གཞན་ཡང་རྒྱ་གར་གྱི་ས་ཕྱོགས་འདྲ་མིན་མང་པོའི་ནང་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྨན་ཁང་ནས་བོད་མི་ཙམ་མ་ཟད། ས་གནས་རྒྱ་གར་ཡུལ་མི་སོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོག་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་སྐོར་སོགས་ཞུས་འདུག