༢༠༡༥ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ཉིན་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ (Tibetan Scholarship Programme) ཁོངས་སུ་མི་འགྲོ་འདེམས་རྒྱུགས་འགོ་འཛུགས་གནང་སོང་།
དེ་ཡང་ཕྱི་ཟླ་ ༤ ཚེས་ ༣༠ ནས་ཕྱི་ཟླ་ ༥ ཚེས་ ༨ བར་ལས་གཞི་འགྲོ་མུས་ཡིན་འདུག ཕྱི་ཟླ་ ༤ ཚེས་ ༣༠ ཉིན་འཚུད་རྒྱུགས་ནང་མཉམ་ཞུགས་གནང་མཁན་སློབ་མ་རྣམས་ཀྱིས་འབྱོར་ཐོ་འགོད་པ་དང་སྦྲགས་ཡིག་ཆ་ཞིབ་གཤེར་བྱས་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༡ ཉིན་བོད་ཡིག་འབྲི་རྒྱུགས་གཏོང་བཞིན་འདུག ཕྱིས་ཚེས་ ༣ ཉིན་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་དང་།
ཕྱི་ཚེས་ ༤།༥།༦ ཉིན་འདེམས་ཐོན་བྱུང་བ་རྣམས་ལ་ངག་རྒྱུགས་ལེན་རྒྱུ་དང་། སྐབས་དེར་ངག་རྒྱུགས་ལེན་མཁན་ཁོངས་སུ་བོད་མི་ཙམ་མིན་པར་གཙོ་བོ་ཨ་རིའི་གཞུང་ཚབ་ནས་མི་སྣ་གཉིས་རྡ་སར་ཕེབས་ནས་ངག་རྒྱུགས་ལེན་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་བརྒྱ་ཆ་རྩེ་བཏོག་གིས་སློབ་མ་གྲངས་ ༡༥ འདེམས་སྒྲུག་བྱ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༨ ཉིན་སློབ་མ་ ༡༥ ཁོང་རྣམས་ལ་རྒྱུས་སྟོན་ (Post orientation) ཞེས་པ་ཨ་རིའི་ནང་སློབ་འཇུག་ཇི་ལྟར་བྱེད་དགོས་མིན་སོགས་ཨ་རིའི་མཐོ་སློབ་ཁག་ཏུ་སློབ་འཇུག་བྱེད་སྟངས་ཀྱི་བྱེད་སྒོ་ཁག་ལམ་སྟོན་གནང་རྒྱུ་དང་། དེ་རྗེས་འདེམས་སྒྲུག་བྱུང་བའི་སློབ་མ་གྲངས་ ༡༥ རྣམས་ལ་ཨིན་ཇིའི་ཡིག་རྒྱུགས་ཊོ་ཕེལ་ (TOEFL) གཏོང་དགོས། དེའི་ཆེད་ཟླ་བ་གཉིས་ལྷག་ཙམ་དུས་ཚོད་སྤྲོད་རྒྱུ་དང་། དེ་རྗེས་སློབ་མ་གྲངས་ཇི་ཙམ་འགྲོ་རྒྱུ་ཡིན་མིན་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག
རྩ་བའི་ཕྱི་ལོ་ ༢༠༡༦ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་སྙན་ཞུ་ཕུལ་མཁན་སློབ་མ་གྲངས་ ༡༠༢ བྱུང་ཡོད་ཁོངས་ནས་ ༤ འོས་ཆོས་མ་ཚང་བ་དང་། སློབ་མ་བཞིས་ཕྱིར་འཐེན་གནང་འདུག སློབ་མ་ ༡༢ ཀྱིས་འབྱོར་ཐོ་འགོད་མེད་སྟབས། ཐེངས་འདིར་ཡིག་རྒྱུགས་ནང་དངོས་སུ་མཉམ་ཞུགས་གནང་མཁན་སློབ་གྲངས ༨༢ བྱུང་ཡོད་སྐོར་ཤེས་རིག་མཐོ་སློབ་ཚན་པའི་འགན་འཛིན་སྐལ་བཟང་རིན་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་བ་བཅས།།