༢༠༡༥ ཟླ་ ༤ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༩ སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་བཀའ་བློན་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་དང་། བཞུགས་སྒར་ཁུལ་གྱི་བོད་མི་མང་ཚོགས་བཅས་ལྷན་འཛོམས་ཀྱིས་ལྷ་རྒྱལ་རིར་བསངས་གསོལ་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཆོས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་དགོངས་དོན་བཞིན། བོད་བསྟན་སྲིད་ཀྱི་ཆེད་དུ་མ་ཎི་ཡིག་དྲུག་བགྲངས་གསོག་དང༌། བསངས་གསོལ་དང་སྐུ་རླུང་དར་འཛུགས། བསྟན་སྲུང་དམར་ནག་གཉིས་དང་བོད་སྐྱོང་ལྷ་སྲུང་གི་འཕྲིན་སྐུལ་མ་སྨད་བསོད་ནམས་བཅས་འགྲོ་གང་ཆེ་བསྒྲུབ་གསོག་ཞུ་དགོས་བླ་ལྷའི་བཀའ་ལུང་ཕེབས་དགོངས་བཞིན། སྤྱི་མཐུན་བསོད་ནམས་གསོག་རྒྱུར་ཕན་རླབས་དགེ་མཚན་ཕྱིར་ད་རིང་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ནས་ ༦།༣༠ བར་ལས་ཁུངས་སོ་སོའི་ནང་སྲི་ཞུ་བ་ཡོངས་རྫོགས་ཚང་འཛོམས་ཐོག་གོང་འཁོད་ཞབས་རིམ་ཁག་གསོག་སྒྲུབ་གནང་རྒྱུ་ཡིན་པ་མ་ཟད། ཞབས་རིམ་སྒྲུབ་ཐོ་ཟླ་ ༧ ཚེས་ ༢ འགྱངས་མེད་ཆོས་རིག་ལས་ཁུངས་སུ་འབུལ་རྒྱུ་ཡིན་འདུག ཕྱོགས་མཚུངས་ཆོས་རིག་ལས་ཁུངས་ནས་རིས་མེད་ཆོས་སྡེ་དང་གཞིས་ཆགས་ཁག་སོ་སོར་དེ་མཚུངས་ཞབས་རིམ་གསོག་སྒྲུབ་དགོས་པའི་ཆོས་བརྡ་བཀའ་ཁྱབ་གནང་ཟིན་འདུག །