༢༠༡༥ ཟླ་ ༤ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་ཉེ་ལམ་བལ་ཡུལ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བཞིའི་ནང་ས་ཡོམ་གོད་ཆག་བྱུང་བར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་སྐབས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པ་ཚང་མས་མཁྱེན་གསལ་རེད། རེས་གཟའ་སྤེན་པའི་ཉིན་གཙོ་བོ་བལ་ཡུལ་བཅས་པའི་རྒྱལ་ཁབ་བཞིའི་ནང་ས་ཡོམ་ཆེན་པོ་ཞིག་བརྒྱབ་ཡོད། དེའི་ནང་བལ་ཡུལ་གྱི་ཁྱིམ་མཚེས་རྒྱ་གར་དང་། བྷང་ལ་དེཤ འབྲུག དེ་བཞིན་བོད་ནང་ལའང་ས་ཡོམ་གྱིས་རྐྱེན་པས་མི་མང་པོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དང་། དེ་བཞིན་མི་རྒྱུ་གཉིས་ཀར་སྐྱོན་ཆེན་པོ་བྱས་པའི་གནས་ཚུལ་ད་ལྟ་ཡིན་ནའང་བྱུང་དང་བྱུང་བཞིན་པ་རེད། ཁ་སང་བཀའ་ཤག་ལྷན་ཚོགས་འཚོགས་རྗེས་གཞི་རྩའི་ཕྱི་རྒྱལ་དོན་གཅོད་ཁག་དང་།
དེ་བཞིན་ས་གནས་འགོ་འཛིན་ཚང་མས་འགན་འཁུར་བྱས་ཏེ་བལ་ཡུལ་དང་འབྲེལ་བ་ཡོད་པའི་ཐོག་ནས་རོགས་དངུལ་གནང་མཁན་ཡོད་ཚེ། ས་གནས་འགོ་འཛིན་ཚོས་འགན་འཁུར་གནང་དགོས་པ་རེད་ཅེས་བཀའ་ཤག་ནས་བཀོད་ཁྱབ་བྱས་ཡོད་། དེ་བཞིན་བལ་ཡུལ་དུ་ཡོད་པའི་དགོན་སྡེ་ཁག་དང་། མི་མང། སྐྱིད་སྡུག་ཁག་གི་ཐོག་ནས་བོད་པའི་ཁྱིམ་མཚེས་ཚོར་མཐུན་འགྱུར་གནང་ཐུབ་པ་ཡོད་ཚེ། གང་ཐུབ་ཅི་ཐུབ་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་བཀོད་ཁྱབ་ཞུ་བཞིན་ཡོད། དེ་དང་ཕྱོགས་མཚུངས་བཀའ་ཤག་ནས་སྟོང་མིན་ཙམ་གྱིས་བལ་པོའི་སྒོར་མོ་འབུམ་ཉི་ཤུ་ཞིག་བལ་ཡུལ་གཞུང་ལ་ངལ་སེལ་གྱི་འབུལ་རྒྱུ་ཐུགས་ཐག་བཅད་པ་ཡིན། དེ་འདྲ་སོང་ཙང། དེ་རིང་འདིར་འཛོམས་དགོས་དོན་ནི། གཙོ་ཆེ་ཤོས་འདས་གྲོངས་སུ་སོང་བ་རྣམས་ལ་ཐུགས་སྨོན་གནང་རྒྱུ་དང་། རྨས་སྐྱོན་བྱུང་བ་ཚོར་གང་མགྱོགས་གསོ་ཐབས་ཀྱི་སྨོན་ལམ་ཞུ་རྒྱུ་ཡིན། དེ་ནས་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཞུ་རྒྱུ་ཡིན། གཞི་རྩའི་གནས་ཚུལ་ཐོན་དང་ཐོན་བཞིན་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་ད་ལྟའི་ཆར་མི་གྲངས་ ༣༦༠༠ ལྷག་ཙམ་འདས་གྲོངས་སུ་ཕྱིན་པ་དང་།
མི་གྲངས་ ༦༥༠༠ ལྷག་ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་འདུག ཡིན་ནའང་། ས་ཐག་རིང་བ་དང་ས་མཚམས་ཁག་ཏུ་ད་ལྟ་ཡིན་ནའང་གནས་ཚུལ་ཡོང་དང་ཡོང་བཞིན་པ་རེད། དེ་བཞིན་རྒྱ་གར་ནང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༦༦ དང་རྨས་པ་ ༡༠༠ ལྷག་ཙམ། བྷང་ལ་དེཤ་ནང་ལ་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༤ བྱུང་འདུག བློ་ཕམ་པ་ཞིག་ལ་བོད་ནང་དམིགས་བསལ་སྐྱིད་རོང། གཉའ་ལམ། དིང་རི་། སོགས་པའི་ནང་ས་ཡོམ་དེས་རྐྱེན་པས་ཁང་པར་སྐྱོན་བྱུང་བའི་གནས་ཚུལ་ཐོན་པ་དང་། ད་ལྟ་བར་ཐོན་པའི་གནས་ཚུལ་ནང་བོད་ནང་འདས་གྲོངས་སུ་ཕྱིན་པ་མི་གྲངས་ ༢༠ དང་རྨས་སྐྱོན་བྱུང་བའི་མི་གྲངས་ ༥༨ བྱུང་འདུག བལ་ཡུལ་ནང་གི་བོད་མི་ཚོའི་ནང་ད་ལྟ་བར་ར་འཕྲོད་པའི་གནས་ཚུལ་ལྟར་ན། མཆོད་རྟེན་ཁུལ་གྱི་གཞོན་སྐྱེས་ཤིག་དང་། ས་མཚམས་ཁག་ནས་བཙུན་མ་ཞིག་འདས་གྲོངས་སུ་སོང་བ་བཅས་བལ་ཡུལ་ནང་ཁྱོན་བོད་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག སྤོ་ཁ་ར་སློབ་གྲྭའི་ནང་སྐྱོན་ཏོག་ཙམ་བྱུང་ཡོད་ནའང་སྐྱོན་ཆེན་པོ་བྱུང་བའི་གནས་ཚུལ་མི་འདུག་ཅེས་ཞུ་རྒྱུ་ཡིན། དེ་འདྲ་སོང་ཙང་། མཐའ་མར་ད་ཐེངས་འདིར་ཚང་འཛོམས་ཐོག་ཚང་མས་ཐུགས་སྨོན་གནང་རོགས་གནང་ཅེས་ཞུ་རྒྱུ་ཡིན། བལ་ཡུལ་གཙོས་པའི་འི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་མང་ཚང་མར་བཀའ་ཤག་གིས་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཞུ་རྒྱུ་ཡིན། །