༢༠༡༥ ཟླ་ ༤ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ཉིན་བལ་ཡུལ་དོན་གཅོད་ཁང་གིས་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༢༥ ཉིན་དང་དེའི་ཉིན་རྗེས་མ་བཅས་པར་ས་ཡོམ་ཤུགས་ཆེན་བརྒྱབ་པར་བརྟེན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་ས་གནས་སོ་སོར་སྐབས་མཚམས་སུ་གློག་འཕྲིན་དང་ཁ་པར་སོགས་ཀྱི་འབྲེལ་ལམ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་མུས་ཀྱང་ཁོང་རྣམ་པས་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམ་པར་འབྲེལ་ལམ་གང་ཐུབ་གནང་སྟེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལག་སོན་གང་བྱུང་བ་རྣམས་བཏང་འབྱོར་བྱུང་བ་གཤམ་གསལ།
༡། མཐའ་མཚམས་ས་གནས་ཤར་ཁུམ་བདེ་གླིང་གཞིས་ཆགས་ཀྱི་སྤྱི་ཐབ་ཅིག་ཡོད་པ་དེའི་རྩིག་པ་འགྱེལ་བ་ཙམ་དང་། ཁུམ་སྟོད་ཁུལ་དུ་ཁང་པ་ཞིག་རལ་གྱི་གནས་ཚུལ་ཙམ་ལས་ད་ལྟའི་ཆར་ཤེས་རྟོགས་བྱུང་མི་འདུག གཞན་མི་ནོར་ལ་སྐྱོན་ཆེ་བྱུང་མེད་ཚོད་འདུག དེ་བཞིན་ར་སུ་བ་ས་ཁུལ་དུ་སློབ་གྲྭ་དང་། འབྲེལ་མཐུད་པའི་ཁང་པའི་རྩིག་པ་ཞིག་འདུག དེ་མིན་ས་མཚམས་ས་ཁུལ་ཝ་ལུང་ལ་ད་ལྟའི་ཆར་འབྲེལ་བ་བྱེད་ཐུབ་མི་འདུག
༢། གློ་ཚེ་རོག་ས་གནས་སུ་མི་མང་གི་སྡོད་ཁང་འགའ་ཞིག་གི་རྩིག་པ་འགྱེལ་བ་དང་། ས་ཞིང་གི་གྱང་འགྱེལ་བ་སོགས་བྱུང་འདུག འཕགས་པ་ཤིང་ཀུན་ཁུལ་གྱི་མཆོད་རྟེན་ཉེ་འགྲམ་སྒེར་གྱི་ཁང་གླར་སྡོད་མཁན་བུ་སྤུན་གཉིས་ལས་བུ་གཅིག་ཁང་པ་ལྡིབ་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག སྤུན་གཞན་དེར་ཚབས་ཆེའི་རྨས་སྐྱོན་ཕོག་འདུག་པ་ད་ལྟ་སྨན་ཁང་ཞིག་ནང་སྨན་བཅོས་བྱེད་མུས་ཡིན་འདུག ད་ལྟའི་ཆར་རྒྱལ་སའི་ཁུལ་དུ་གོད་ཆག་བྱུང་བའི་གནས་ཚུལ་འབྱོར་མི་འདུག
༣། མཆོད་འབྱོར་ཁུལ་དུ་ཁྱིམ་ཚང་ ༣༧ ཅན་གྱི་ཁང་པར་གས་སྐྱོན་ཚབས་ཆེན་ཕོག་འདུག དེ་མིན་ཁུལ་དེར་གནས་སྡོད་བུ་འཆི་མེད་རང་ལོ་ ༣༠ ཡིན་པ་ལམ་དུ་འགྲོ་སྐབས་རྩིག་པའི་འོག་ཤོར་ནས་འདས་གྲོངས་སུ་གྱུར་འདུག ལི་ཝིང་སེང་བྲག་རིན་པོ་ཆེའི་དགོན་གྱི་གྲྭ་ཤག་ཕལ་ཆེར་ཞིག་སྐྱོན་ཤོར་འདུག དེ་བཞིན་བཙུན་མའི་ཤག་མང་པོ་ཞིག་སྐྱོར་ཤོར་འདུག་པ་དང་བཙུན་མ་གསུམ་ལ་རྨས་སྐྱོན་ཅུང་ཙམ་དང་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་པ་མ་ཟད་གཅིག་རྐྱེན་འདས་སུ་གྱུར་འདུག
༤། སྤོ་ཁ་ར་ཁུལ་གྱི་ས་གནས་འགོ་འཛིན་ལ་འབྲེལ་བ་མཐུད་ཐུབ་མི་འདུག་ཀྱང་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་སྐྱོན་གནད་ཚབས་ཆེན་རིགས་གང་ཡང་བྱུང་མེད་སྐོར་འཁོད་འདུག
༥། འཇོ་ཁེལ་བཟོ་གཞིས་ལས་ཁུངས་ཨ་མའི་ཁང་པར་གས་སྐྱོན་གང་ཙམ་ཤོར་འདུག་པ་དང་། གཞིས་ཆགས་སྤྱིའི་རྭ་བའི་རྩིག་པ་མང་ཆེ་བར་སྐྱོན་ཤོར་འདུག མི་ལ་སྐྱོན་གང་ཡང་བྱུང་མི་འདུག
༦། མཐའ་མཚམས་ས་གནས་རྡོ་ཐང་དང་། མ་ནང་། ཙུམ། ནུབ་རི་སོགས་ལ་ད་ལྟའི་ཆར་འབྲེལ་ཡོད་ས་གནས་འགོ་འཛིན་དང་ཡུལ་མི་སུ་ལའང་འབྲེལ་མཐུད་མ་ཐུབ་པས་གནས་ཚུལ་ཇི་བྱུང་བརྗོད་ཐུབ་མི་འདུག
༧། དོན་གཅོད་ཁང་གི་ལས་བྱེད་པའི་ལས་ཤག་དེ་སྔ་རྒྱལ་པོའི་རྒྱལ་ཁང་རྙིང་པ་ལོ་ངོ་ ༡༢༠ ལྷག་ཙམ་སོང་བ་དེར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་འདུག དེ་བཞིན་བལ་ཡུལ་དོན་གཅོད་ཁང་གི་རྩིག་གྱང་འགྲོ་ལམ་ཕྱོགས་སུ་འགྱེལ་ནས་འགྲོ་ལམ་འགག་ཡོད་འདུག
རྩ་བའི་དེང་གི་ཆར་བལ་ཡུལ་ནང་གོད་ཆག་འོག་གློག་འཕྲིན་དང་། གློག ཏར་སྐུད་ཆད་པས་ཁ་པར་དང་གློག་འཕྲིན་གཏོང་ཐབས་མེད་པར་གྱུར་ཏེ་ཛ་དྲག་གནས་སྟངས་ཆགས་པར་སོང་གནས་ཚུལ་ཆ་ཚང་རག་ཐབས་ཆེད་འབྲེལ་མཐུད་དཀའ་བའི་གནས་སུ་གྱུར་ཡོད་པ་བཅས།།