༢༠༡༥ ཟླ་ ༤ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་དང་སྡེ་འགན་འཇིགས་མེད་ཚེ་བརྟན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༠ ནས་ཟླ་ ༤ ཚེས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ལས་དོན་རྟོག་ཞིབ་དང་གཟིགས་སྐོར་དུ་ཕྱོགས་བསྐྱོད་གནང་ཡོད་པ་དང་། ཕྱི་ཚེས་ ༤ དང་ ༥ ཉིན་ས་གནས་ཁྲིམས་ཞིབ་ཀྱི་ལས་དོན་ཞིབ་འཇུག་གྲུབ་རྗེས། ཕྱི་ཚེས་ ༦ ཞོགས་པ་ཆུ་ཚོད་ ༩༌༣༠ ནས་ ༡༢༌༣༠ བར་ས་གནས་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཚོགས་ཁང་དུ་ལུགས་བདེ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་དང་། དགོན་སྡེ་ཁག་གི་སྐུ་ཚབ། རྩིས་ཞིབ་ཡན་ལག་འགན་འཛིན། འཚོ་བྱེད་སྨན་ཁང་གི་འགན་འཛིན། ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་འགན་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་མི། སྤྱི་མི་བརྒྱ་དཔོན། ཟུར་སྐྱོང་སྡེ་ཚན་གྱི་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༥༢ ཙམ་གྱི་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་བོ་དང་ལས་འགན། ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཞིབ་པ་དང་ལས་བྱེད་འདེམས་བསྐོ་གནང་སྟངས། ཁྲིམས་ཞིབ་ཁང་གི་སྒྲིག་འཛུགས་དང་ལས་དོན་བྱེད་ཕྱོགས། འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན་བཅས་ཀྱི་སྐོར་ངོ་སྤྲོད་བྱས་པ་དང་།
དེ་རྗེས་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་ཡར་རྒྱས་གཏོང་ཕྱོགས་ཐད་ལས་སྣེ་རྣམས་པས་དགོངས་ཚུལ་དང་དྲི་བ་རྣམ་ལ་ལན་འདེབས་བྱས། ཉིན་རྒྱབ་ཆུ་ཚོད་ ༢༌༣༠ ནས་ ༥༌༠༠ བར་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་མི་གྲངས་ ༧ མཉམ་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།