༢༠༡༥ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང་སྦྲགས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཆེད་རེ་འདུན་ཤུགས་ཆེ་ཞུ་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང་སྦྲགས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ མཆོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་སྦྲགས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་ཞུ་རྒྱུ་ཡིན།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཐོ་གྲས་ཤིག་ལ་ངོས་འཛིན་ཞུ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་སོན་སྐབས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་མོ་ལི་ ༢༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས་ཁོང་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད། སྐབས་དེར་ཁོང་དགུང་གྲངས་ ༦ ལས་སོན་མེད་སྟབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད། ད་བར་ཁོང་གང་དུ་ཡོད་པ་དང་གནས་སྟངས་ཇི་ཡིན་ཐོག་ཤེས་རྟོགས་གང་ཡང་མེད། དེར་བརྟེན་ཕྱི་ལོ་ ༢༠༡༡ ཟླ་ ༤ ནང་འཛམ་གླིང་མཉན་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་ཉེས་འཛུགས་བྱས་པ་དང་སྦྲགས། པཎ་ཆེན་ཡང་སྤྲུལ་མཆོག་གི་གནས་སྟངས་དང་གང་དུ་ཡོད་མེད་སྐོར་རྒྱ་ནག་གཞུང་གིས་གསལ་བཤད་མ་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་སྐབས་ཁོང་སྐུ་ན་ཧ་ཅང་ཕྲ་བར་བརྟེན་རྒྱལ་སྤྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེང་སྐབས་བོད་ནང་ལུགས་མཐུན་མིན་པར་གང་བྱུང་འཛིན་བཟུང་བཙོན་འཇུག་དང་། དམ་བསྒྲགས་བཀག་བསྐྱིལ། དེ་བཞིན་ནག་ཉེས་གང་ཡང་མེད་པར་གང་བྱུང་ཁྲིམས་ཆད་གཏོང་རྒྱུའི་གནས་ཚུལ་མང་དག་གཅིག་འབྱུང་བཞིན་ཡོད། དཔེར་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོ་ལྟར་ན། དེང་སྐབས་བོད་མི་ཆབ་སྲིད་བཙོན་པ་ ༢༠༠༠ ལྷག་ཡོད་འདུག
ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་དེ་རིང་འབོད་སྐུལ་ཞུ་ཡིག་ནང་འཁོད་དོན། རྒྱལ་སྤྱིའི་མནར་གཅོད་འགོག་ཐབས་དང་བྱིས་པའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་གསལ་བཤད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རེ་འདུན་དེ་དག་ལ་ཡ་ལན་གང་ཡང་མ་བྱས་པར་མུ་མཐུད་ནས་ཁོང་དང་ཁོང་གི་ནང་མི་རྣམས་བཀག་ཉར་བྱེད་བཞིན་ཡོད། བོད་མི་རྣམས་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། ད་བར་བོད་ནང་དུ་བོད་མི་ ༡༣༨ རང་ལུས་མེར་སྲེག་བཏང་བ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་བོད་མི་ཚོས་མཐའ་གཅིག་ཏུ་ཞི་རྒོལ་བྱེད་བཞིན་ཡོད་པ་མཚོན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་ད་བར་རང་ལུས་མེར་སྲེག་གཏོང་མཁན་མཐའ་མ་ཡིན་པ་གནས་སྐྱབས་ལགས་ཀྱིས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་འདུག བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཡུལ་དུས་གནས་སྐབས་དུ་མར་བོད་མིའི་སྤྱི་ཚོགས་ཁྲོད་མཛད་རྗེས་ཧ་ཅང་ཆེན་པོ་འཇོག་གནང་མཛད་ཡོད།
ལྷག་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ མཆོག་གིས་བོད་ཀྱི་ཐུན་མིན་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད། པཎ་ཆེན་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དེ་སྤྱིར་བཏང་བྱིས་པ་ལོ་ན་དྲུག་ལ་སོན་པ་ཞིག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༠ སོང་བའི་གནས་ཚུལ་ཙམ་མིན་པར་གནས་སྟངས་འདིས་གང་མཚོན་བཞིན་ཡོད་ཅེ་ན། རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་ཐོག་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མཚོན། དེ་ཡང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་དོན།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལྟ་བུ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེས། ལོ་ངོ་བརྒྱ་ཕྲག་རིང་ནས་དར་བའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་ལམ་ལུགས་དེར་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་པ་ཧ་ཅང་གསལ་པོ་རེད། ཅེས་གསུངས།
འཛམ་གླིང་ཁྱོན་དུ་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་སྤྱི་ཚོགས་དྲ་རྒྱ་སོགས་བརྒྱུད་ཀུན་གཟིགས་པཎ་ཆེན་ཡང་སྤྲུལ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་གནང་རོགས། ངོ་དེབ་ཐོག་ནས་ལས་འགུལ་འདིར་མཉམ་ཞུགས་གནང་ཆེད་ “solidarity with Tibet” ཡིན་པ་དང་། ལས་འགུལ་མཚོན་རྟགས་ (hashtag) #Releasepanchenlama ཡིན།
འབྲེལ་གཏུགས་བྱ་ཡུལ།
གསར་འགོད་འབྲེལ་མཐུད་པ་ཚེ་རིང་དབང་ཕྱུག་ལགས། ཞལ་པར་ཨང་གྲངས་(༠༨༦༧༩༢༠༨༤༦༥)