༢༠༡༥ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༨ སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་སྟོན་འཁོར་དང་བཅས་རྡ་སའི་ཉེ་འགྲམ་ཀངྒ་རཱ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་བླ་ཆེན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ Archbishop Desmond Tutu མཆོག་སྐུ་འཁོར་དང་བཅས་པར། ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། ཞི་བདེའི་དབུ་ཁྲིད་རྣམ་གཉིས་ཀྱིས་གནམ་ཐང་དུ་འཁྱུག་ཙམ་སྐུ་ངལ་གསོ་གནང་མཛད་རྗེས་གསར་འགོད་པ་ཚོའི་དྲི་བར་བཀའ་ལན་མཛད་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བདེ་སྲུང་བཀའ་བློན་མཆོག་ཕེབས་བསུར་བཅར་འདུག དེ་ཡང་ཐེངས་འདིར་ཡེ་ཤུའི་བླ་ཆེན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཕྱི་ཟླ་ ༤ ཚེས་ ༢༠ ནས་ཚེས་ ༢༤ བར་སེམས་ནང་སྤྲོ་བ་སྤེལ་རྒྱུའི་ཐབས་ལམ་སྐོར་གྱི་དཔེ་དེབ་ ‘Book of Joy’ ཕྱོགས་སྒྲིག་མཛད་རྒྱུ་ཡིན་འདུག
གནམ་ཐང་དུ་༸གོང་ས་མཆོག་གིས་གསར་འགོད་པར་བཀའ་སློབ་སྩལ་དོན། བླ་ཆེན་ཁོང་ནི་དོན་དམ་གྱི་མི་ཧ་ཅང་ཡག་པོ་ཞིག་དང་ཆོས་པ་ཞིག་གི་ཆ་ནས་ཆོས་པ་རྣམ་དག་གཅིག་ཡིན། ཁོང་རྡ་སར་མ་ཕེབས་སྔོན་དུ་པན་ཇབ་མངའ་སྡེའི་ཁུལ་དུ་རྟེན་གཞི་བྱས་པའི་སིཀ་གསེར་གྱི་མཆོད་ཁང་ (Golden Temple) ཞེས་གྲགས་པ་དེར་ཕེབས་ནས་གནས་གཟིགས་གནང་འདུག ངོས་རང་སྒེར་ལ་མཚོན་ན་གྲོགས་པོ་བློས་ཐུབ་གཅིག་ཡིན། ཞེས་བཀའ་ལན་སྩལ། གཞན་ཡང་བླ་ཆེན་མཆོག་ནས་ཀྱང་གསར་འགོད་པ་ཚོར་བཀའ་ལན་གནང་དོན། ངོས་རང་དེ་རིང་བརྩེ་བའི་གྲོགས་མཆོག་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ངོས་གཉིས་ཐུག་འཕྲད་ཡོང་རྒྱུ་དེར་གནས་སྟངས་དང་མི་རེ་བཟུང་གི་བྱ་སྤྱོད་ཐོག་ནས་ཡང་སེ་བར་ཆད་ཡོང་གི་ཡོད།
འོན་ཀྱང་ངོས་གཉིས་དབར་མཛའ་གྲོགས་ཀྱི་དམ་ཚིག་དང་དཀོན་མཆོག་གི་བྱིན་རླབས་ལ་བརྟེན་ནས་མཇལ་འཕྲད་ཐུབ་པ་ཞིག་ཡོང་གི་ཡོད། ཞེས་གསུངས་པ་མ་ཟད། ད་ལྟའི་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་༸གོང་ས་མཆོག་ལ་མཐོང་མཆན་མ་ཕུལ་བ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མངོན་གསལ་དོད་པོའི་ཐོག་ནས་འཇིགས་སྣང་བྱེད་བཞིན་པ་དེར་བླ་ཆེན་མཆོག་ཡ་མཚན་སྐྱེ་བཞིན་ཡོད་སྐོར་དང་།
དེ་སྔ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་སྲིད་འཛིན་ཡིན་སྐབས་ཁོང་གིས་བོད་ཀྱི་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དཀའ་ངལ་གང་ཡང་མེད་པའི་ཐོག་ནས་ཡུལ་དེར་གདན་ཞུ་ཐུབ་ཡོད་སྟབས། འབྱུང་འགྱུར་མཆོད་དཔོན་ཉིད་ནས་ཀྱང་བོད་ཀྱི་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གདན་ཞུ་ཐུབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་གསར་འགོད་པར་ལན་འདེབས་གནང་སྐབས་བླ་ཆེན་མཆོག་རྡ་སར་ཕེབས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ཞེས་སོགས་གསུངས།
ཐེངས་འདིར་ཞི་བདེའི་དབུ་ཁྲིད་རྣམ་གཉིས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༠ ནས་ ༢༤ བར་སྤྲོ་བ་སྤེལ་རྒྱུའི་ཐབས་ལམ་སྐོར་བགྲོ་གླེང་མཛད་རྒྱུ་ཡིན་འདུག་པ་མ་ཟད། རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ཡང་ཡོད་འདུག་པ་བཅས།།