༢༠༡༥ ཟླ་ ༤ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཆ་ཏི་སི་གྷར་ Chhattisgarh གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ར་མན་སིངྒ་ Shri Raman Singh མཆོག་དང་མཇལ་འཕྲད་གནང་ནས་མངའ་སྡེའི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་སྙན་སྒྲོན་ཞུས་པ་དང་སྦྲགས། ཉེ་ལམ་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་འབྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ Tibetan Rehabilitation Policy 2014 ཞེས་པ་གཏན་འབེབས་གནང་ཡོད་པའི་སྐོར་གསལ་བཤད་ཞུས་པ་མ་ཟད། མངའ་སྡེའི་ནང་བོད་མི་སྐྱབས་བཅོལ་གཞིས་ཆགས་མན་སྤར་ཕན་བདེ་གླིང་ནང་སྲིད་བྱུས་དེ་ལག་བསྟར་གནང་ཐོག་བོད་མི་ཚོར་ངལ་སེལ་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་བཀའ་བློན་མཆོག་གིས་སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་ལ་ད་བར་མངའ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་འདུག དེ་ཡང་ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གཉིས་ཀྱི་མཇལ་འཕྲད་དོན་ཕན་སོན་པ་ཞིག་བྱུང་བ་དང་། མཇལ་འཕྲད་སྐབས་ཕྱོགས་གཉིས་ཕན་ཚུན་མཐུན་ལམ་གྱི་རྩ་བར་ཕྱག་རྟགས་འབུལ་རེས་ཀྱི་ལམ་ནས་འཚམས་འདྲི་གནང་རེས་ཡང་གནང་འདུག ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་འཆི་མེད་རིགས་འཛིན་ལགས་དང་མན་སྤར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སྐལ་ལྡན་ནོར་བུ་ལགས་ཀྱང་ཆེད་བཅར་ཞུས་འདུག གཞན་ཡང་ནང་སྲིད་བཀའ་བློན་མཆོག་གིས་ཆ་ཏི་སི་གྷར་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བི་བེཀ་དན་མཆོག་དང་མཇལ་འཕྲད་ཀྱིས་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲ་གསལ་བཤད་གནང་འདུག