༢༠༡༠ ཟླ་ ༨ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ཉིན་འབྱུང་འགྱུར་བོད་ནང་ཁོར་ཡུག་གི་གནས་སྟངས་ཉམས་ཆག་འགྲོ་བཞིན་པའི་དཀའ་ངལ་ཐོག་ཇར་མན་གྱི་ཡུལ་སྐད་རྒྱག་མཁན་རྒྱལ་ཁབ་ཁག་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དོ་སྣང་ཆེ་རུ་གཏོང་རྒྱུའི་ཐག་གཅོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད། འདི་ལོ་བོད་དང་རྒྱ་ནག་ནང་ས་ཡོམ་དང་ཆུ་རུད་ཀྱི་གོད་ཆག་ཕོག་པའི་གནས་ཚུལ་ཐབས་སྡུག་བྱུང་བ་དེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རང་འབྱུང་ཁོར་ཡུག་དང་མིའི་ཚེ་སྲོག་ལ་སེམས་འཚབ་བྱེད་རྒྱུ་སྔར་བས་ཤུགས་ཆེ་རུ་ཕྱིན་ཡོད། དེར་བརྟེན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༠ ནས་ ༢༢ བར་ཨོ་སི་ཊི་ཡའི་ (Austria) ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་ཝིན་ནའི་ (Vienna) ནང་རྒྱལ་ཁབ་བཞི་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དྲུག་གི་སྐུ་ཚབ་རྣམས་ཀྱིས་ཇར་མན་ཡུལ་སྐད་རྒྱག་མཁན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བཞི་པ་དེ་ཚོགས་ཡོད། སྐབས་དེར་སྐུ་ཚབ་རྣམས་ཀྱིས་ཚོགས་པ་སོ་སོས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐོག་ལས་གཞི་སྤེལ་ཕྱོགས་ཐད་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། འབྱུང་འགྱུར་ལས་གཞིའི་ཐོག་ནུས་པ་ཆེ་རུ་གཏོང་ཆེད་ཚོགས་པ་ཚང་མ་མཉམ་རུབ་ཀྱིས་ལས་གཞིའི་ཐོག་ཤུགས་སྣོན་རྒྱག་དགོས་པའི་བསམ་ཚུལ་བྱུང་ཡོད་པ་མ་ཟད། ཚོགས་པ་ཚང་མས་ཐུན་མོང་གིས་བོད་ཀྱི་འབྲོག་པའི་གཞིས་ཆགས་བསྐྱར་འཛུགས་དང། རྒྱ་ནག་གཞུང་གིས་ཆུའི་ཐོག་འཛིན་པའི་སྲིད་བྱུས་བཅས་གནད་དོན་དེ་གཉིས་ཀྱི་ཐོག་ལས་དོན་གསར་པ་ཞིག་སྤེལ་རྒྱུ་དང་ལས་གཞི་ཇི་འདྲ་ཞིག་སྤེལ་རྒྱུའི་ལས་འཆར་དེ་འདི་ལོ་ཕྱི་ཟླ་ ༡༡ ནང་རྒྱ་གར་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐབས་ ༦ པར་ལས་དོན་སྤེལ་ཕྱོགས་ཀྱི་འཆར་གཞི་འདོན་རྒྱུའི་ཐག་གཅོད་བྱུང་འདུག ཕྱོགས་མཚུངས་སྐབས་དེར་ཇར་མན་ཡུལ་སྐད་རྒྱག་མཁན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཁབ་ཕན་ཚུན་དབར་གནས་ཚུལ་གོ་རྟོགས་དང་ལས་དོན་བྱེད་ཕྱོགས་ཐད་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་་སྐོར་གྲོས་མོལ་བྱུང་འདུག ཇར་མན་ཡུལ་སྐད་རྒྱག་མཁན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༤ དེའི་ནང་ཡུ་རོབ་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག་པ་བཅས།།