༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༥ ཉིན་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་ཁང་གི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་ཀྱིས་གཙོས་གདན་ཞུས་སློབ་དཔོན་སྐུ་ཞབས་སན་ཇེ་ཨུ་པེན་ཌ་རམ་(Sangjay Upendram)ལགས་དང་། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། མདུན་ལམ་སློབ་སྟོན་ཚན་པའི་ལས་བྱེད་པ། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྒན་བདག་དང་ཕྱག་རོགས་དགེ་རྒན་རྣམ་པ།
གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར། ཤེས་རིག་མདུན་ལམ་སློབ་སྟོན་པའི་འགན་འཛིན་གྱིས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་རྗེས། ཟབ་སྦྱོང་བ་རྣམས་ཀྱིས་སོ་སོའི་ངོ་སྤྲོད་གནང་། དེ་ནས་སྐུ་ཞབས་སན་ཇེ་ཨུ་པེན་ཌ་རམ་ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ཐོག་མ་དེར་རྣམ་པ་ཚོ་ཚང་མར་འཚམས་འདྲི་དང་དགའ་བསུ་ཡོད། ཟབ་སྦྱོང་འདི་ཧ་ཅང་གལ་ཆེན་པོ་རེད། རྩ་བའི་ཟབ་སྦྱོང་འདི་ཁྱེད་རང་ཚོས་རྒན་བདག་བྱེད་རིང་ཙམ་མ་ཟད་མ་འོངས་པར་ཁྱེད་རང་ཚོའི་མི་ཚེའི་ནང་ཕན་ཐོགས་ཡོང་གི་རེད། ཐེངས་འདིའི་ཟབ་སྦྱོང་སྐབས་ཁྱེད་རང་ཚོར་འཆར་གཞི་འགོད་སྟངས་དང་། འབྲེལ་ལམ་བྱེད་ཕྱོགས། རྩོད་རྙོག་འདུམ་འགྲིག་བྱེད་ཕྱོགས་སོགས་ཀྱི་ཐོག་ཁྲིད་རྒྱུ་ཡིན་སྟབས། འདི་ནི་མ་འོངས་པར་ཁྱེད་ཚོའི་མི་ཚེའི་མདུན་ལམ་ལ་ཕན་ཐོགས་དང་ཤེས་བྱ་ཡར་རྒྱས་གཏོང་རྒྱུ་སོགས་ལ་ཕན་ཐོགས་ཡོང་གི་རེད་བསམས་ཀྱི་འདུག དེར་བརྟེན་རྣམ་པ་ཚོས་ཟབ་སྦྱོང་འདིའི་ཐོག་ཐུགས་རྣོ་བོའི་ཐོག་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒན་བདག་ཁྱེད་རང་ཚོ་ཚང་མ་དཔེ་བལྟ་ས་དང་སྨོན་ས་ཆགས་ཡོད་སྟབས། ཁྱེད་རང་ཚོ་ཧ་ཅག་གནད་འགག་ཅིག་ཆགས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་ལྟར་རྒན་བདག་དང་ང་ཚོ་མི་སུ་ཞིག་ཡིན་རུང་བཟང་སྤྱོད་དང་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱམས་དང་སྙིང་རྗེ་ལྡན་པ། ལྷག་བསམ་དང་སྙིང་སྟོབས་ལྡན་པ། དྲང་ཚུགས་དང་ལྡན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། མི་ཚེ་རང་གཞན་གཉིས་ཀར་ཕན་ཆེད་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཁྱེད་རང་ཚོས་སློབ་གྲྭའི་ནང་སློབ་ཕྲུག་ཚོར་ཐབས་མཁས་པོའི་ཐོག་ནས་བཅུན་རྒྱུར་འབད་བརྩོན་བྱེད་དགོས། ཞེས་གསུང་བཤད་གནང་རྗེས། ཤེས་རིག་མདུན་ལམ་ཚན་པའི་ལས་བྱེད་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་ཡོད་པ་བཅས།།