༢༠༡༥ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ས་པོ་རོ་ཞེས་པ་དེར་མང་ཚོགས་ ༡༨༠༠ བརྒལ་བར་ཀུན་ཁྱབ་འགན་ཁུར་ཐོག་བླང་དོར་བཀའ་སློབ་སྩལ་འདུག དེ་ཡང་༸གོང་ས་མཆོག་སྟོན་འཁོར་དང་བཅས་རྒྱལ་ས་ཊོཀ་ཁྱོ་ནས་མཁའ་ལམ་བརྒྱུད་རྒྱང་ཐག་ཀི་ལོ་མི་ཊར་ ༨༠༠ ཙམ་གྱི་སར་ཡོད་པའི་ཧོ་ཀའི་ཌོའི་ Hokkaido ས་གནས་ཀྱི་གྲོང་ཁྱེར་ས་པོར་རོའི་ Sapporo གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་ Junior Chamber International ཞེས་པའི་འབྲེལ་ཡོད་མི་སྣ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། ༸གོང་ས་མཆོག་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་ཚོགས་བཅར་བ་ཚང་མ་ཡར་བཞེངས་ཏེ་དགའ་བསུའི་ཐལ་མོ་ཡུན་རིང་བརྡབས་ནས་འཚམས་འདྲི་ཞུས། དེ་རྗེས་༸གོང་ས་མཆོག་གིས་དེར་བཅར་བའི་དོན་གཉེར་ཅན་རྣམས་ལ་བཀའ་སློབ་སྩལ་དོན། ངོས་རང་ས་གནས་འདིར་ཐེངས་དང་པོ་བསླེབས་པ་རེད། ང་ཚོ་ཚང་མ་བདེ་བ་འདོད་ཀྱི་ཡོད། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིགས་མཚུངས་སུ་ཡོད། རིམ་པ་གཉིས་པའི་ཐོག་ནས་བརྗོད་ན། ང་ཚོའི་དབར་རྒྱལ་ཁབ་དང་ཆོས་དད་ཡོད་མེད། ཆོས་ལུགས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་མི་འདྲ་བའི་ཁྱད་པར་ཡོད། འོན་ཀྱང་དེ་བས་གལ་ཆེ་བ་ནི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་ཡིན།
དེ་མ་བརྗེད་པ་བྱེད་དགོས།ང་ཚོ་སུ་གཅིག་གིས་རྙོག་གྲ་དང་དཀའ་ངལ་འདོད་ཀྱི་མེད་ཀྱང་དཀའ་ངལ་དང་རྙོག་གྲ་མང་དག་གཅིག་འཕྲད་བཞིན་ཡོད། དེ་ནི་གཙོ་བོ་རིམ་པ་གཉིས་པའི་གནས་སྟངས་ཐོག་ནས་མི་འདྲ་བ་ཡོད་པ་དེ་ལ་བརྟེན་ནས་ཡོང་བཞིན་ཡོད། གལ་ཏེ་ང་ཚོས་རིམ་པ་གཉིས་པའི་གནས་སྟངས་ལ་རྩིས་མེད་བཏང་ནས་ང་ཚོ་ཕན་ཚུན་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་པ་ཡིན་ན། དཀའ་ངལ་དང་རྙོག་གྲ་དེ་དག་ཡོང་རྒྱུའི་གཞི་རྩ་གང་ཡང་ལྷག་གི་མ་རེད། དེར་བརྟེན་མཐུན་སྒྲིལ་ངེས་པར་དུ་དགོས། མཐུན་སྒྲིལ་གྱི་བསམ་བློ་དེ་ཁྱེད་ཚོར་ཧ་ཅང་ཡག་པོ་ཡོད་པ་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་མ་ཟད། མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐེངས་དང་པོར་ཆིབས་སྒྱུར་མ་བསྐྱངས་གོང་ཙམ་ལ་རྒྱ་གར་ནང་རྟེན་གཞི་བྱས་པའི་སྦི་སྦི་སི་གསར་འགོད་པ་མག་ཏུལ་ལེ་ Mark Tully ལགས་ཀྱིས་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་བསྐྱངས་དགོས་དོན་གང་ཡིན་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་སྐབས་དེར་མགོན་པོ་གང་ཉིད་མཆོག་འཛམ་གླིང་གི་མི་སེར་ཡིན་པ་དང་འཛམ་གླིང་མི་མང་གཞན་དང་ཐུག་ནས་རིག་གཞུང་འདྲ་མིན་དེ་དག་དངོས་སུ་ཐུགས་མྱོང་མཛད་འདོད་ཡོད་སྐོར་བཀའ་ལན་སྩལ་བ་རྣམས་གསལ་བཤད་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། ད་ལྟ་འཚོ་བཞིན་པའི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་ཡིན་བསམས་པའི་འདུ་ཤེས་ངེས་པར་དུ་འཛིན་ཐུབ་དགོས། ངོས་ཀྱིས་མི་གཞན་སུ་འདྲ་ཞིག་ཐུག་ནའང་རང་ཉིད་དང་གཅིག་གྱུར་གྱི་འགྲོ་བ་མི་གཅིག་ཐུག་བྱུང་བསམས་པ་ལས་ངོས་རང་བོད་པ་དང་། ནང་པ། དེ་བཞིན་ཏཱ་ལའི་བླ་མ་ཡིན་བསམས་པ་ནམ་ཡང་དྲན་གྱི་མི་འདུག ང་ཚོ་ཚང་མར་བསམ་བློ་ཡག་སྡུག་གཉིས་ཀ་གཏོང་ཐུབ་རྒྱུའི་ནུས་པ་ཡོད།
ལྷག་པར་དུ་ང་ཚོ་འགྲོ་བ་མི་ཞིག་ཡིན་སྟབས་མི་རྣམས་ལ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ལྡན་ཡོད། རྣམ་དཔྱོད་དེ་ཚུལ་དང་ལྡན་པའི་ཐོག་ནས་བཀོལ་ཐུབ་ན་མི་ཚེ་བདེ་སྐྱིད་དང་ལྡན་ལ་ལམ་ལྷོང་ལྡན་པ་ཞིག་བསྐྱལ་ཐུབ་ངེས། དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ཁྲོད་ཕྱི་དངོས་པོའི་མཐུན་རྐྱེན་དང་འཛུགས་སྐྲུན་གཙོ་བོར་འཛིན་ནས་ཤེས་ཡོན་ལམ་སྲོལ་ནང་དུའང་དཔལ་འབྱོར་ཡར་རྒྱས་ཇི་ལྟར་གཏོང་རྒྱུའི་ཐོག་སློབ་གསོ་གཏོང་བཞིན་ཡོད། དེར་བརྟེན་ནང་གི་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཐད་འཐུས་ཤོར་འགྲོ་བཞིན་ཡོད་སྟབས་སེམས་ངལ་རིགས་འདྲ་མིན་གྱི་དཀའ་ངལ་འཕྲད་བཞིན་ཡོད། དེ་ནི་མཐའ་ལ་ལྷུང་དྲགས་པ་རེད། མཐའ་གཉིས་དང་བྲལ་བའི་སྤྱི་ཚོགས་ཤིག་དགོས་ན་ང་ཚོས་དེང་སྐབས་ཕྱི་དངོས་པོ་རྐྱང་པར་དམིགས་ནས་མ་བསྡད་པར་ནང་གི་བསམ་བློའི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་དགོས། གལ་ཏེ་བསམ་བློའི་ནང་གཞན་ཡལ་བར་དོར་ནས་རང་འདོད་ཁོག་བཅུག་བྱས་ནས་བསྡད་ན་རང་ཉིད་ལའང་སྐྱིད་པ་གང་ཡང་མེད། ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། ཚང་མ་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་དགོས། རང་གི་ཉེ་འཁོར་དུ་གཉེན་ཉེ་འདུ་ཡོད་ན་བསམ་བློ་བག་ཕེབས་པ་ཡོད། དེར་བརྟེན་ལུས་པོའི་འཕྲོད་བསྟེན་ཡང་ཡག་པ་ཡོང་རྒྱུ་རེད། དེ་ལས་ལྡོག་སྟེ་གལ་ཏེ་ང་ཚོས་འཇིགས་སྣང་དང་དངངས་སྐྲག་བྱས་ནས་བསྡད་པ་ཡིན་ན། བསམ་བློར་ཞི་བདེ་མེད་པ་ཙམ་དུ་མ་ཟད། ལུས་ཀྱི་འཕྲོད་བསྟེན་ཡང་ཉམས་གུད་དུ་འགྲོ་རྒྱུ་རེད། དེར་བརྟེན་བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་བརྩེ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད་ཉི་ཧོང་དུ་རང་ཤི་རྒྱག་མཁན་མང་པོ་ཡོད་པའི་དཀའ་ངལ་ཐོག་བཀའ་སློབ་སྩལ་དོན། ཉི་ཧོང་དུ་གཞོན་སྐྱེས་ཁྲོད་རང་ཤི་རྒྱག་རྒྱུའི་དཀའ་ངལ་ཡོད་པ་ངོས་ཀྱི་གོ་ཐོས་བྱུང་། དཀའ་ངལ་དེ་སེལ་རྒྱུར་འབྱུང་འགྱུར་གཞོན་སྐྱེས་ཚོར་མི་གཞན་ལ་བྱམས་བརྩེ་སྤེལ་རྒྱུ་དང་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུའི་གཞི་རིམ་གྱི་སློབ་གསོ་སྤྲོད་རྒྱུ་འདི་ཐབས་ལམ་གཅིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ།
དེ་རྗེས་གཞོན་སྐྱེས་ཁག་གཅིག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་མཇུག་སྒྲིལ་འདུག སྤྱིར་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་འདིའི་ཚོགས་མིའི་ཁོངས་རྒྱལ་ཁབ་ ༨༠ ནས་གཞོན་སྐྱེས་ལོ་ན་ ༡༨ ནས་ ༤༠ བར་ཡོད་འདུག ཚོགས་པ་དེས་རྒྱལ་སྤྱིའི་ཁྱོན་ལ་བསམ་ཤེས་དང་། མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་མ་ཟད། གཞོན་སྐྱེས་ཁྲོད་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཡར་རྒྱས་བཏང་བའི་ཐོག་ནས་མི་སེར་འགན་ཁུར་ལྡན་པ་ཞིག་སྐྲུན་ཐབས་བྱེད་བཞིན་འདུག