༢༠༡༥ ཟླ་ ༣ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་ཨ་རི། ཨ་ཕི་རི་ཁ། ལྷོ་ཨ་མི་རི་ཁ་སོགས་ཀྱིས་གཙོས་རྒྱལ་ཁབ་ ༥༦ ནས་ཡུལ་སྐོར་སྤྲོ་འཆམ་པ་ ༡༡༠༠ བརྒལ་བར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་མཇལ་ཁ་དང་བཀའ་སློབ་སྩལ་བ་མ་ཟད། སྐུ་དཔར་ཡང་ལྷན་དུ་བསྒྲོན་གནང་མཛད་འདུག སྐབས་དེར་རྒྱ་གར་བ་མི་གྲངས་ ༡༠༠ ལྷག་བཅར་འདུག ཐོག་མར་༸གོང་ས་མཆོག་གིས་རྒྱལ་ཁབ་རེ་རེའི་མི་སེར་རྣམས་དང་ལྷན་སྐུ་དཔར་བསྒྲོན་གནང་མཛད། དེ་རྗེས་བཀའ་སློབ་སྩལ་དོན། བར་སྐབས་ཤིག་ནས་ངོས་ཀྱིས་ཁུལ་འདིར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འཛོམས་སྐབས་ཐེངས་གཅིག་ཁོང་རྣམས་དང་ཐུག་ནས་ཉམས་མྱོང་དང་བསམ་ཚུལ་བརྗེས་ལེན་བྱེད་ཐུབ་ན་བསམས་པ་རེད། དེ་འདྲ་བྱུང་ན་ཁྱེད་ཚོས་ངོས་ཀྱི་མདོང་པ་མཐོང་བ་ཙམ་མ་ཟད། ངོས་ཀྱི་བསམ་ཚུལ་གང་ཡིན་པ་དེ་ཡང་ཉན་ཐུབ་རྒྱུ་རེད། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་ཡིན་པར་བརྟེན། ཚང་མས་བདེ་བ་འདོད་པ་དང་གཞན་གྱིས་རང་ལ་བྱམས་བརྩེའི་རྣམ་པ་བསྟན་པ་ཡིན་ན་དེར་རིན་ཐང་ཞིག་སྤྲོད་ཀྱི་ཡོད། དེ་ནི་ང་ཚོ་ཆུང་དུས་གཞན་གྱི་བྱམས་བརྩེའི་འོག་ནས་འཚར་ལོང་བྱུང་བར་བརྟེན་རང་ཉིད་ལོ་ན་ཆེ་རུ་འགྲོ་སྐབས་གཞན་ལ་བྱམས་བརྩེའི་ཉམས་ལེན་བྱེད་ཐུབ་པ་ཡོང་གི་ཡོད། དེང་སྐབས་ཚན་རིག་པ་ཚོས་ཀྱང་བརྟག་དཔྱད་ཀྱི་ལམ་ནས་ཇི་ཙམ་ཁོང་ཁྲོ་དང་ཞེ་སྡང་སོགས་བློ་མ་རུང་པ་དག་གིས་རྒྱུད་ལ་འཆིང་པ་དེའི་ཚོད་ཀྱིས་རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ལའང་གནོད་པ་དང་། དེ་ལས་ལྡོག་སྟེ་གཞན་ལ་བྱམས་བརྩེའི་འདུ་ཤེས་འཛིན་པ་དེས་ལུས་པོའི་འཕྲོད་བསྟེན་ལའང་ཕན་གྱི་ཡོད་པ་ར་སྤྲོད་ཐུབ་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། ལྷག་པར་སྐབས་དེར་རྒྱ་གར་བ་རྣམས་ལ་དམིགས་འཛུགས་མཛད་ནས་བཀའ་སློབ་སྩལ་དོན། རྒྱ་གར་ནས་བོད་དུ་ནང་ཆོས་སོགས་རིག་པའི་གནས་དུ་མ་དར་བར་བརྟེན། ང་ཚོ་བོད་མི་ཚོས་རྒྱ་གར་ང་ཚོའི་བླ་མར་ངོས་འཛིན་ཞུ་བཞིན་ཡོད། དུས་རབས་ ༡༤།༡༥ ནང་བོད་མི་སྐྱེས་བུ་དམ་པ་ཞིག་གིས་སྤྱིར་བོད་འདི་གངས་ལྗོངས་ཤིག་ཡིན་པ་དང་། གངས་ཀྱི་ཁ་དོག་ཀྱང་དཀར་པོ་ཡིན། འོན་ཀྱང་རྒྱ་གར་འཕགས་པའི་ཡུལ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་མ་དར་བར་དུ་བོད་ཡུལ་འདི་མུན་ནག་ཏུ་གནས་རྒྱུ་ཡིན། ཞེས་ལུང་འདྲེན་མཛད་ཡོད་སྐོར་བཀའ་སྩལ།
གཞན་ཡང་༸གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སློབ་སྩལ་དོན། ངོས་ཀྱིས་དཔལ་ན་ལེཎྜའི་མཁས་པས་བརྩམས་པའི་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ལ་སློབ་གཉེར་བྱས་པ་དེ་དག་གཞི་རྩར་བཟུང་ནས་འདས་པའི་ལོ་ ༣༠ ལྷག་གི་རིང་དེང་རབས་ཚན་རིག་པ་རྣམས་དང་ལྷན་བགྲོ་གླེང་བྱས་པ་དེས་ཕན་ཚུན་ཕྱོགས་གཉིས་ཀར་ཕན་ཐོགས་ཧ་ཅང་ཡོང་བཞིན་འདུག དེང་སྐབས་རྒྱ་གར་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱ་གར་སྲོལ་རྒྱུན་ནས་དར་བའི་སེམས་ཁམས་རིག་པའི་རྣམ་གཞག་སོགས་ལ་དོ་སྣང་ཧ་ཅང་གནང་བཞིན་འདུག་པ་འདི་ཧ་ཅང་ཡག་པོ་རེད། རིག་གནས་དེ་དག་དེང་སྐབས་སུའང་འབྲེལ་བ་ཆགས་ཡོད། དེ་བཞིན་རྒྱ་གར་ནང་གནའ་རབས་ནས་དར་ཁྱབ་བྱུང་བའི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ནི་ཆོས་ཁས་ལེན་ཙམ་མ་ཟད། ཆོས་ཁས་མི་ལེན་རྣམས་ལའང་གུས་བརྩི་ཞུ་རྒྱུའི་གོམས་སྲོལ་བཟང་པོ་ཞིག་ཡོད། དེར་བརྟེན་ང་ཚོས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོ་དེ་དག་ཡི་ཤུ་དང་ཁ་ཆེ། ཧིན་དུ་སོགས་པས་མཆོད་ཁང་ནང་སློབ་ཁྲིད་བྱས་པ་ཙམ་མིན་པར། བཟང་སྤྱོད་དེ་དག་ནས་བློ་སྐྱེད་ལེན་ནས་སློབ་གྲྭ་སོགས་ཀྱི་ནང་དུ་སེམས་རྒྱུད་ཇེ་བཟང་དུ་གཏོང་རྒྱུའི་སློབ་ཚན་དུ་བཞག་ནས་སློབ་ཁྲིད་བྱེད་ཐུབ་ན་དགེ་ཚན་ཆེ། བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་ཀྱི་བསླབ་བྱ་དེ་དག་ཆོས་ལུགས་ཚང་མའི་ནང་ཡོད་པ་གཅིག་མཚུངས་ཡིན། ལྟ་གྲུབ་ཀྱི་རྣམ་གཞག་ལ་མཚོན་ན་ཆོས་ལུགས་ཕན་ཚུན་འདྲ་གི་མེད། འཇིག་རྟེན་བྱེད་པོ་འདོད་མཁན་དང་མི་འདོད་མཁན། དེ་བཞིན་རྒྱུ་འབྲས་ཀྱི་རྣམ་གཞག་འདོད་མཁན་ཚོས་ལས་བཟང་པོས་འབྲས་བུ་བདེ་བ་བྱུང་བ་དང་ལས་ངན་པས་འབྲས་བུ་སྡུག་བསྔལ་བྱུང་བ་འདོད་ཀྱི་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་གར་ནང་དར་བའི་རིགས་ཀྱི་དབྱེ་བ་འབྱེད་རྒྱུའི་ལམ་སྲོལ་དེར་དགག་པ་མཛད་ཡོད།
དེར་བརྟེན་ང་ཚོས་ཕོ་མོ་དང་རིགས་རུས་དབྱེ་འབྱེད་ལམ་སྲོལ་དེ་མཚམས་འཇོགས་བྱེད་དགོས། རིགས་ཀྱི་དབྱེ་བ་འབྱེད་རྒྱུའི་ལམ་སྲོལ་དེ་ཆོས་ལུགས་དང་འབྲེལ་ནས་ཡོང་བ་ཡིན་སྟབས། ཆོས་ཕྱོགས་དབུ་ཁྲིད་རྣམ་པས་ལམ་སྲོལ་དེར་ངོ་རྒོལ་གནང་དགོས། ཞེས་བཀའ་སློབ་སྩལ་མཐར་མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་མིའི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཆེད་ཐུགས་འཚབ་ཧ་ཅང་མཛད་བཞིན་ཡོད་པ་དང་། བོད་མིའི་ཐུན་མིན་རིག་གཞུང་དེས་མི་ཚང་མར་ཕན་ཐོགས་ཡོད་པ་ཞིག་ཡིན་སྐོར་དང་། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་ཐུགས་འཚབ་ཧ་ཅང་མཛད་བཞིན་ཡོད་པ་དང་། བོད་ལ་དེང་སྐབས་ཚན་རིག་པ་སོགས་ཀྱིས་འཛམ་གླིང་གི་སྣེ་གསུམ་པ། ཞེས་འབོད་བཞིན་ཡོད་སྐོར་དང་། བོད་ནས་ཨེ་ཤི་ཡའི་རྒྱུག་ཆུ་མང་དག་གཅིག་རྒྱུག་བཞིན་ཡོད་སྟབས། མི་འབོར་དུང་ཕྱུར་མང་པོའི་འཚོ་གནས་དང་འབྲེལ་བ་ཧ་ཅང་ཆགས་ཡོད་སྐོར་བཀའ་སློབ་སྩལ།།