༢༠༡༥ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༣ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨེ་ཤི་ཡའི་ས་ཁུལ་དུ་མང་གཙོའི་ལམ་སྲོལ་སྲ་བརྟན་དང་། མང་གཙོའི་ལམ་སྲོལ་ནང་ཆ་ཤས་ལེན་སྟངས། ཆ་ཤས་བླངས་པའི་ཐོག་ནས་ཐོབ་ཐང་ལོངས་སུ་སྤྱོད་སྟངས་ ‘Strengthening Democracy in Asia: Inclusion, Participation, and Rights’ སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག སྐབས་དེར་སྤྱི་ནོར་༸གོང་ས་་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་དང་། དེ་བཞིན་ཉེ་ལམ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་ Mr. Kailash Satyarthi མཆོག་ནས་ཀྱང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག སྤྱིར་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྡེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནེན་ཌ་སི་ Mr. George Fernandes མཆོག་གི་བྱས་རྗེས་རྣམས་ལ་ཆེ་བསྟོད་ཞུ་གནང་མཛད་རྒྱུ་ཡིན་འདུག གཞན་ཡང་ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་གྲགས་ཅན་མི་སྣ་མང་པོ་ཞིག་ཡོད་ཁོངས་ནས་རྒྱ་གར་གྱི་མེ་འཁོར་བློན་ཆེན་སྐུ་ཞབས་སུ་རེ་ཤི་པྲ་བྷུ་ Mr. Suresh Prabhu མཆོག་དང་། ཨ་རིའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཀཱལ་གྷི་རི་ཤི་མན་ Mr. Carl Gershman, President, National Endowment for Democracy (NED) སོགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག ལྷན་ཚོགས་འདི་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་ The Institute of Social Sciences (ISS) དང་ཨེ་ཤི་ཡའི་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་ Asia Democracy Network (ADN) དེ་བཞིན་རྒྱལ་སྤྱིའི་མང་གཙོ་ལས་འགུལ་ཁང་ World Movement for Democracy བཅས་མཉམ་རུབ་ཐོག་ནས་གོ་སྒྲིག་གནང་རྒྱུ་ཡིན་འདུག