༢༠༡༥ ཟླ་ ༣ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩ་ཚོགས་པ་བཙུགས་ནས་ལོ་དགུ་ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ལྡི་ལིའི་ནང་ཡོད་རྒྱ་གར་སློབ་གྲྭ་འདྲ་མིན་ཁག་ ༡༨ དང་། དེ་བཞིན་ཤྲི་ན་གར་ Srinagar དང་ཇམ་མུ་ཀ་ཤི་མིར། Jammu & Kashmir སེ་ལ་ཀུ་ Selakui བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བཅས་ཁྱོན་སློབ་ཕྲུག་གྲངས་ ༡༥༠ དང་སློབ་སྟོན་པ་ ༢༠ དང་དགེ་རྒན་གྲངས་ ༥༠ ཡོད་པ་རྣམས་ལ་བཀའ་སློབ་སྩལ། མཛད་སྒོ་གོ་སྒྲིག་ཞུ་མཁན་གྲས་སུ་རྒྱལ་སྤྱིའི་ཞི་བདེ་ཚོགས་པ་ PeaceJam Foundation ཞེས་པ་ཡིན་འདུག ཚོགས་པ་དེས་གཞོན་སྐྱེས་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲད་ནས་འབྱུང་འགྱུར་སྤྱི་ཚོགས་བཟང་པོ་ཞིག་ཇི་ལྟར་སྐྲུན་དགོས་སྐོར་ལམ་སྟོན་གནང་བཞིན་ཡོད།
༸གོང་ས་མཆོག་མཛད་སྒོར་༸ཞབས་སོར་འཁོད་མཚམས་དགེ་སློབ་རྣམས་ཀྱིས་དགའ་བསུ་ཆེན་པོས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་གཞོན་སྐྱེས་ཁྱེད་ཚོ་དང་ཐུག་པར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོ་ནི་ལོ་ན་ཆུང་ཞིང་ལང་ཚོ་དར་ཞིང་རྒྱས་པའི་སྐབས་ཡིན། ངོས་རང་ལོ་ན་ ༨༠ སོན་ཡོད། དེར་བརྟེན་ཁྱེད་རྣམས་དང་ཐུག་སྐབས་ངོས་རང་ཉིད་ཀྱང་ཁྱེད་ཚོ་ལྟར་གྲུང་ཤ་དོད་པའི་ཚོར་བ་ཞིག་རང་བཞིན་གྱི་བསླེབ་ཡོང་གི་འདུག དེ་མིན་ལོ་ན་བགྲེས་པ་རྣམས་དང་ཐུག་སྐབས་ངོས་རང་སྔོན་ལ་འཆི་དང་གཞན་དེ་སྔོན་ལ་འཆི་རྒྱུ་ཡིན་སྙམ་པའི་སེམས་ནང་འཆི་རྒྱུ་སུ་མགྱོགས་འགྲན་བསྡུར་བྱེད་པའི་ཚོར་བ་ཞིག་བསླེབས་ཀྱི་འདུག ཆོས་ལུགས་འདྲ་མིན་དང་། ལོ་ན་རྒན་གཞོན། དེ་བཞིན་ས་གནས་ལྷོ་ནུབ་གང་ནས་ཡོང་མིན་དང་། ཆོས་ལ་དད་པ་ཡོད་མེད་སོགས་ཀྱི་ཁྱད་པར་གང་ཡོད་ཀྱང་གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པའི་ཆ་ནས་ང་ཚོ་ཕན་ཚུན་དབར་ཁྱད་པར་གང་ཡང་མེད། དེར་བརྟེན་ངོས་ཀྱིས་འཛམ་གླིང་ནང་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་ཡིན་པའི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་ཚོར་བ་དེ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད།
ང་ཚོ་ཚང་མ་མའི་བྱམས་བརྩེའི་འོག་འཚར་ལོངས་བྱུང་ཡོད། མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་གནས་མི་ཐུབ། ནུ་གསོའི་སེམས་ཅན་ཚང་མ་མའི་བྱམས་བརྩེའི་འོག་འཚོ་དགོས་པ་དེ་གཅིག་གྱུར་ཡིན། ཕྱེ་མ་ལེབ་ལྟ་བུ་ཕྲུ་གུ་བཙས་སྐབས་མ་ལ་བརྟེན་མི་དགོས་པའི་སྲོག་ཆགས་དེ་དག་ཀྱང་སྒོ་ང་གཏོང་སྐབས་ས་ཆ་འོས་ཤིང་འཚམ་པ་ཞིག་འཚོལ་གྱི་ཡོད། མས་བྱམས་བརྩེའི་འོག་ནས་འཚོ་བའི་ཉམས་མྱོང་དེས་ཕྱིས་སུ་རང་ཉིད་ཀྱིས་གཞན་ལ་བྱམས་བརྩེའི་ཉམས་ལེན་བྱེད་ཐུབ་པ་མ་ཟད། ཆུང་དུས་མས་བྱམས་བརྩེ་མང་བ་ཐོབ་པ་དེའི་ཚོད་ཀྱིས་མི་དེ་རང་ཉིད་སེམས་སྐྱིད་པ་མ་ཟད། གཞན་ལའང་བྱམས་བརྩེའི་ཉམས་ལེན་མང་བ་སྤེལ་ཐུབ། དེ་ལས་ཟློག་སྟེ་གལ་ཏེ་སེམས་ནང་འཇིགས་སྣང་དང་དངངས་སྐྲག་རྐྱང་རྐྱང་འོག་ནས་འཚར་ལོངས་བྱུང་བ་ཡིན་ན། གཞན་ལ་ཡིད་ཆེས་བསླེབ་ཀྱི་མ་རེད། གཞན་ལ་ཡིད་ཆེས་མ་བྱས་ན་གྲོགས་པོ་ཆགས་ཀྱི་མ་རེད། དེང་སྐབས་སྤྱི་ཚོགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ལ་ཧ་ཅང་དང་འདོད་བྱེད་བཞིན་པའི་དུས་སྐབས་འདིར་གཞོན་སྐྱེས་རྣམས་ཀྱིས་རང་བཞིན་གྱི་དཔལ་འབྱོར་དང་དབང་ཤུགས་གལ་ཆེར་འཛིན་བཞིན་ཡོད། དེར་བརྟེན་དེང་སྐབས་རང་ཉིད་ལ་བཟང་སྤྱོད་ཀྱི་ལྟ་གྲུབ་གཅིག་མེད་ན། ལམ་སེང་ལྐོག་ཟ་བྱ་རྒྱུ་དང་གཞན་མགོ་སྐོར་བསླུ་ཁྲིད་བྱ་རྒྱུ་སོགས་སྤྱི་ཚོགས་དང་རྒྱལ་ཁབ་ནང་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་དེ་འདྲ་རེད། དེ་བཞིན་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་དམག་རྒྱག་རྒྱུ་ཟེར་བ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པའི་གནས་སྟངས་ཤིག་ཆགས་ཡོད། དེང་སྐབས་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་བརྟེན་ནས་སྡོད་དགོས་པའི་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་དགྲ་བོར་ཕམ་ཉེས་བཏང་བ་དེས་རང་ཉིད་ལའང་གནོད་རྒྱུ་ལས་ཕན་ཐོགས་གང་ཡང་མེད།
ཅེས་བཀའ་སློབ་སྩལ་རྗེས་༸གོང་ས་མཆོག་གིས་དྲི་བ་ཡོད་མེད་བཀའ་འདྲི་མཛད་པར་སློབ་ཕྲུག་གཅིག་གིས་རིགས་མཐུན་འཁྲིག་སྤྱོད་སྐོར་དགོངས་ཚུལ་ཇི་ཡོད་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། དེ་ནི་གཙོ་བོ་མི་སྒེར་སོ་སོའི་གནས་སྟངས་ལ་རག་ལུས་ཡོད། སྤྱིར་སྟངས་རང་ཉིད་ཆོས་པ་ཞིག་ཡིན་ན། ཆོས་ནང་ལམ་སྟོན་གང་ཡོད་པ་རྣམས་ཉམས་ལེན་བྱེད་དགོས། ནང་ཆོས་ནང་ལོག་གཡེམ་ལ་རིགས་མི་འདྲ་བ་མང་པོ་གསུང་ཡོད། ནང་པ་ཞིག་ཡིན་ཕྱིན་འདོད་ལོག་རིགས་དེ་དག་སྤོང་དགོས། དེ་དག་མ་སྤང་ནའང་ནང་པ་མ་ཡིན་པ་ཞིག་ཆགས་ཀྱི་མེད། དཔེར་ན། ཁྱིམ་པ་དགེ་བསྙེན་གྱི་སྡོམ་པ་ཡོད་མཁན་དང་། དེ་བཞིན་རབ་བྱུང་ཕོ་མོ་དང་དགེ་སློང་དང་དགེ་སློང་མ་སོགས་ཀྱི་སྡོམ་པ་ཡོད་ཚེ་སྲོག་གཅོད། མི་ཆོས་བླ་མའི་རྫུན། མ་བྱིན་པར་ལེན་པ། མི་ཚངས་སྤྱོད་པ། བཅས་རྩ་བ་བཞི་པོ་གང་རུང་བྱས་ཚེ་སྡོམ་པ་གཏོང་གི་ཡོད། ཐེངས་འདིར་མི་ཚངས་སྤྱོད་པ་བརྗོད་སྐབས་བགྲོད་བྱ་མིན་པ་ཁ་དང་གཤང་ལམ་སོགས་ཚུད་ཡོད། གཞི་རྩའི་ཡལ་འདབས་ལྔ་པས་ཀྱང་ཁུ་བ་བཏོན་མི་ཆོག་ཀྱང་དེས་སྡོམ་པ་གཏོང་གི་མེད། གལ་ཏེ་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ན་བརྒྱ་ཆ་བརྒྱ་ནས་བརྒྱ་རང་དབང་རེད། འོན་ཀྱང་རང་གཞན་རོགས་གསུམ་ལ་མི་གནོད་པའི་ཆེད་གཟབ་ནན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་ལན་སྩལ། དེ་རྗེས་ཚན་རིག་སྐོར་དང་འཇིགས་སྐུལ་རིང་ལུགས་པའི་སྐོར། དེ་བཞིན་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་སོགས་ཀྱི་སྐོར་གྱི་དྲི་བར་བཀའ་ལན་སྩལ།
དེ་རྗེས་སློབ་ཕྲུག་རྣམས་ཀྱིས་འབྱུང་འགྱུར་སྤྱི་ཚོགས་བཟང་པོ་ཞིག་སྐྲུན་ཆེད་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ། ཉམས་ཐག་བྱིས་པ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་སྐྲུན་ཐབས། བྱིས་པ་དང་བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཐོག་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱེད་རྒྱུར་དམ་བཅའ་ཕུལ། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འཆར་གཞི་དེ་དག་ཧ་ཅང་ཡག་པོ་འདུག དེར་བརྟེན་ངོས་ཀྱིས་རང་ཉིད་སྒེར་གྱི་ལོ་རྒྱུས་ཕྲན་བུ་ཁྱེད་ཚོར་བརྗོད་རྒྱུ་ཡིན། ངོས་རང་ལོ་ངོ་ ༡༦ སྐབས་རང་དབང་བྲལ་བ་རེད། ལོ་ངོ་ ༢༤ སྐབས་རྒྱལ་ཁབ་ཤོར་བ་རེད། ད་ཆ་ངོས་རང་བཙན་བྱོལ་དུ་མི་ལོ་ ༥༦ སྡོད་རིང་བློ་ཕམ་བྱེད་དགོས་པའི་གནས་ཚུལ་ཤ་སྟག་མུ་མཐུད་ནས་འཐོན་བཞིན་ཡོད་ནའང་། ངོས་ཀྱིས་སྙིང་སྟོབས་དང་རེ་བ་ནམ་ཡང་བརླག་མེད། དེ་མཚུངས་ཁྱེད་ཚོའི་ལས་དོན་གང་ཞིག་སྤེལ་ཡང་ལམ་ལྷོངས་ཡོང་མིན་དེ་ཁྱེད་ཚོའི་གདེང་སྤོབས་དང་། ཡིད་ཆེས། དེ་བཞིན་སྙིང་སྟོབས་བཅས་ལ་རག་ལུས་ཡོད། ཁྱེད་ཚོས་སྤྱི་ཚོགས་ལ་ཕན་བཏགས་པ་ཡིན་ན། སྤྱི་ཚོགས་ཀྱིས་ཁྱེད་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དེ་དྲན་དགོས་པ་ཡིན། ཞེས་བཀའ་སྩལ།
ཕྱེད་ཡོལ་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་གྲངས་ ༣༤༠ ལྷག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་སྩལ། སྐབས་དེར་ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇིབ་མེ་རོ་ཏྲ་ Rajiv Mehrotra མཆོག་གིས་ཆོས་ཞུ་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་སྐུ་ཞབས་ར་ཇིབ་མེ་རོ་ཏྲ་མཆོག་ལ་ལས་རིམ་གོ་སྒྲིག་གནང་བར་བསྔགས་བརྗོད་དང་སྦྲགས། ཐུགས་རྗེ་ཆེ་ཞུའི་བཀའ་སློབ་སྩལ་རྗེས། རབ་འབྱེད་ ༢༧ ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད། དེ་ཡང་དབུ་མ་རྩ་བ་ཤེས་རབ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་ཚོགས་དྲུག་ཡོད་པ་ནས་གལ་ཆེ་ཤོས་ཡིན་འདུག ཆོས་འབྲེལ་མཛད་མཐར་དྲི་བ་རྣམས་ལའང་བཀའ་ལན་སྩལ་འདུག ཆོས་འབྲེལ་འཕྲོ་སྐྱོང་སང་ཉིན་མུ་མཐུད་བསྐྱང་གནང་མཛད་རྒྱུ་ཡིན་འདུག