༢༠༡༥ ཟླ་ ༣ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱཇ་མ་ཧཱལ་གསོལ་མགྲོན་ཁང་དུ་ཤྲི་ལངྐཱ་ Sri Lanka ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་ཁག་གཅིག་དང་ཨ་རིའི་གཞུང་ཚབ་མི་སྣ་བཅས་ལ་མཇལ་ཁ་དང་བླང་དོར་བཀའ་སློབ་སྩལ་འདུག
དེ་ཡང་ཉིན་དེའི་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་གནས་བརྟན་སྡེ་པའི་དགེ་སློང་བགྲེས་པ་ཁག་གཅིག་ལ་མཇལ་ཁ་སྩལ་ནས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་སྟོན་པ་གཅིག་གི་རྗེས་འཇུག་གཅིག་མཚུངས་ཡིན། དེང་སྐབས་རིག་པའི་ལམ་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཚན་རིག་གི་བསམ་བློ་ཡོད་མཁན་ཁག་གཅིག་གིས། ཆོས་ཟེར་བ་དེ་གང་འདྲ་ཡིན་ནམ་སྙམ་པའི་སེམས་ནང་དོགས་པ་བྱས་ནས་སྡོད་མཁན་མང་པོ་ཞིག་གིས་སངས་རྒྱས་ཀྱིས་གསུང་པའི་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་ཕྱི་མ་ཙམ་མིན་པར་ཚེ་འདིའི་བདེ་བ་བསྒྲུབ་ཐབས་སྐོར་བཀའ་སྩལ་བར་བརྟེན་ཆོས་ཁས་ལེན་མིན་ཚང་མར་འབྲེལ་བ་ཡོད། མཁས་པ་ཁག་གཅིག་གིས་ནང་ཆོས་དེ་འགྲོ་བ་མིའི་བདེ་ཐབས་ཤིག་ཡིན་སྐོར་གསུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། སྐབས་དེར་ནང་པའི་དགེ་སློང་རྣམས་ཀྱིས་༸གོང་ས་མཆོག་ལ་སྙན་སེང་ཞུས་དོན། ཁ་སེང་ང་ཚོས་ཉིན་གང་འདུལ་བའི་སྐོར་ལ་བགྲོ་གླེང་བྱས་པ་ཡིན། ང་ཚོས་སྐབས་དེར་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དབར་མཚུངས་བསྡུར་བྱས་ནས་ལྟ་སྐབས་བོད་དུ་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། གནས་བརྟན་སྡེ་པའི་དབར་ཁྱད་པར་དེ་ཙམ་ཆེན་པོ་མཐོང་མ་བྱུང་། ཞེས་ཞུས་པ་དང་སྦྲགས། དེང་སྐབས་ཤྲི་ལངྐཱ་མང་ཚོགས་རྣམས་ཀྱིས་བོད་ཀྱི་༸་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་མགྱོགས་མྱུར་ཤྲི་ལངྐར་ཆིབས་སྒྱུར་བསྐྱང་རྒྱུར་ངང་སྒུག་ཞུ་བཞིན་ཡོད་པར་བརྟེན། ༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་རྣམས་ཀྱི་རེ་འདུན་བསྐོང་ཆེད་ཡུལ་དེར་ཆིབས་སྒྱུར་བསྐྱང་གནང་ཡོང་བ་ཞུ། ཞེས་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་རང་ཤྲི་ལངྐཱར་འགྲོ་ཐུབ་པ་བྱུང་ན་ཧ་ཅང་དགའ་ཚོར་ཆེན་པོ་ཡོང་བ་འདུག དེ་བཞིན་ཤྲི་ལངྐཱའི་དགེ་འདུན་པ་ཚོ་བོད་པའི་དགེ་འདུན་པ་དང་ལྷན་ཐུག་ནས་བགྲོ་གླེང་སོགས་གནང་ཐུབ་ན་ཧ་ཅང་ཡག་པོ་ཡོང་རྒྱུ་རེད། ཅེས་བཀའ་ལན་སྩལ་བ་མ་ཟད།
སྤྱིར་མགོན་པོ་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་དང་གསལ་ཡོད་ཀྱང་སྐུའི་ཞབས་པུས་ལྷ་ངར་ཕྲན་བུའི་དཀའ་ངལ་ཡོད་སྟབས་ཐེམ་སྐས་ཐོག་ཡར་འཛེགས་མར་བབ་མཛད་སྐབས་སྐུ་ངལ་འཕྲད་བཞིན་ཡོད་པར་བརྟེན་དགོས་མཁོ་བྱུང་ན་ཞབས་སྟེགས་འཁོར་ལོ་ཡོད་པའི་ཐོག་༸ཞབས་སོར་མཛད་ནས་བཀའ་སློབ་སྩལ་རྒྱུའི་ཐུགས་འདོད་ཡོད་སྐོར་བཀའ་སློབ་སྩལ་དོན།
ངོས་ཀྱིས་ནང་པའི་རྒྱལ་ཁབ་མིན་པའི་ཡུལ་གྲུ་ཁག་གི་ནང་དུ་ནང་ཆོས་དར་འཕེལ་གཏོང་ཐབས་ནམ་ཡང་བྱེད་ཀྱི་མེད། དེ་ནི་ཕྱོགས་གཅིག་ནས་ངོས་ཀྱིས་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་བཞིན་པ་དང་། གཉིས་ནས་ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱ་རྒྱུའི་བསམ་བློ་ཡོད་པ་དེས་ཡིན། ང་ཚོ་ཚང་མ་དུས་རབས་ ༢༡ པའི་ནང་པ་ཞིག་ཡིན་སྟབས་ནང་ཆོས་ནས་གསུང་པའི་བསླབ་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་ཀྱི་བསླབ་པ་གསུམ་གང་ཡིན་ཤེས་པའི་ཐོག་ནས་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ། ཅེས་པའི་བཀའ་དེར་དཔྱད་པ་གནང་ནས་དེང་སྐབས་ཚན་རིག་ཀོན་ཊོམ་རྣམ་གཞག་ཐོག་ནས་གཟུགས་ཅན་གྱི་ཆོས་དེ་དག་ཆ་ཕྲ་མོའི་གནས་བབ་ལ་དེད་ནསབཙལ་བ་ཡིན་ན། རང་ངོས་ནས་གྲུབ་པ་ཞིག་རྙེད་རྒྱུ་མེད་པའི་གྲུབ་དོན་དང་གཉིས་སུ་མ་ཕྱེད་པའི་གནས་སྟངས་ཆགས་ཡོད་པ་དེ་ཤེས་དགོས། ཞེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ནང་ཆོས་ལ་ལོ་ ༡༣ སློབ་གཉེར་མཛད་ནས་དགེ་བཤེས་དམ་བཅའ་བཞག་ཀྱང་། དགེ་བཤེས་གཞན་ཚོས་ནང་ཆོས་ལ་ལོ་ ༢༠ ལྷག་སློབ་གཉེར་གནང་བཞིན་ཡོད་སྐོར་དང་། ལྷག་པར་བོད་ནང་ལ་མཚོན་ན་དེ་སྔ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་རྒྱུར་ལོ་ ༢༠། ༣༠ འགོར་བཞིན་ཡོད་སྐོར་བཀའ་སྩལ། དེ་རྗེས་གནས་བརྟན་པའི་དགེ་སློང་ཚོས་ཀྱང་ཤྲི་ལངྐཱི་ནང་ནང་ཆོས་ལ་སློབ་གཉེར་གནང་ཕྱོགས་སྐོར་སྙན་སེང་ཞུས་པ་དང་སྦྲགས། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་ཤྲི་ལངྐཱས་གཙོས་གནས་བརྟན་སྡེ་པའི་དགེ་སློང་དབར་མཇལ་འཕྲད་མང་ཙམགནང་བའི་ཐོག་ནས་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེ་བ་ཡོད་སྐོར་ཚང་མས་མོས་མཐུན་བྱུང་།དེ་རྗེས་རྒྱལ་ཁབ་བརྒྱད་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་རྣམས་ལྡི་ལིར་ཟབ་སྦྱོང་ཞིག་གི་ཆེད་དུ་ཕེབས་ཡོད་པ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཨ་རི་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཚོའི་སྣེ་ཁྲིད་མཁན་ཞིག་ཡིན་པའི་བསམ་ཚུལ་དེ་ངོས་ཀྱིས་དུས་རྟག་ཏུ་གསལ་པོ་ཞུ་བཞིན་ཡོད། ཐེངས་ཤིག་ངོས་རང་ཡུ་རོབ་ནས་ཨ་རིར་གནམ་གྲུའི་ཐོག་བསྐྱོད་སྐབས་གསར་ཤོག་ཤིག་ནང་དེང་སྐབས་ཨ་རིའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་འཁོད་འདུག
དེ་རྗེས་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་སྐབས་ངོས་ཀྱིས་ཁོང་ལ་གནས་ཚུལ་དེའི་སྐོར་ཞུས་ནས་སེམས་འཚབ་དང་སྦྲགས། གལ་ཏེ་དེ་འདྲ་བྱུང་ན་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཇི་འདྲ་ཞིག་འཐེབ་རྒྱུ་ཡིན་སྐོར་ཞུ་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྐབས་དེར་ངོས་ལ་སེམས་ཁྲལ་བྱེད་དགོས་དོན་མེད་སྐོར་དང་། དེང་སྐབས་མི་རེ་ཟུང་གིས་འཁྱོག་བཤད་བྱས་པ་ལས་དོན་དངོས་ཐོག་ཨ་རིའི་དཔལ་འབྱོར་གྱི་གནས་བབ་དེ་རྒྱ་ནག་ལས་སྟོབས་ཆེ་བ་ཡོད་སྐོར་གསུངས་བྱུང་། སྐབས་དེར་ངོས་རང་ཕྲན་བུ་བློ་བདེ་པོ་བྱུང་། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། རྒྱ་གར་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་ཡང་མི་འབོར་ཆེ་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཡིན་སྟབས་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། རྒྱ་གར་ནི་མི་རིགས་དང་ཆོས་ལུགས། སྐད་ཡིག རིག་གཞུང་སོགས་འདྲ་མིན་མང་པོ་ཞིག་ཕན་ཚུན་འཆམ་མཐུན་དང་བཟོད་བསྲན་ངང་འཚོ་བཞིན་ཡོད་སྟབས། གཞན་གྱི་མིག་དཔེ་ལྟ་བུར་གྱུར་ཡོད། དེ་བཞིན་ཉི་ཧོང་ལྟ་བུར་མཚོན་ན་ཨེ་ཤི་ཡའི་རྒྱལ་ཁབ་ནང་འཛུགས་སྐྲུན་ཡར་རྒྱས་ཚད་མཐོ་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཆགས་ཡོད། དེར་བརྟེན་ཨ་རི་དང་རྒྱ་གར། ཉི་ཧོང་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་ལམ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ནི་ངོས་ཀྱིས་རྒྱ་ནག་ལ་ཟུར་ཟ་བྱས་པ་མིན། ངོས་ཀྱིས་གང་ཡིད་ཆེས་བྱེད་བཞིན་པ་ནི་སྔ་ཕྱི་མ་གཏོགས་རྒྱ་ནག་ཀྱང་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་ཆགས་ངེས་ཡིན། འོན་ཀྱང་རྒྱ་ནག་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་ཆགས་པར་ད་དུང་ལོ་ངོ་བཅུ་ཕྲག་འགའ་ཤས་འགོར་སྲིད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། སྐབས་དེར་མགོན་པོ་གང་ཉིད་མཆོག་གི་སྐུའི་ཡང་སྲིད་ཐོག་དེང་སྐབས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུའི་རྣམ་འགྱུར་འདོན་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེང་སྐབས་ཆོས་མེད་སྨྲ་བའི་རྒྱ་ནག་སྲིད་གཞུང་གིས་ངོས་ཀྱི་ཡང་སྲིད་སྐོར་ལ་སེམས་ཁྲལ་ཧ་ཅང་བྱེད་བཞིན་འདུག ངོས་ལས་ཁོ་པ་ཚོས་སེམས་ཁྲལ་ཆེ་བ་བྱེད་ཀྱི་འདུག ཁོ་པ་ཚོས་ཐོག་མར་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་གི་ཡང་སྲིད་བརྩད་གཅོད་བྱས། དེ་རྗེས་གཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཐེ་བྱུས་བྱས་པ་ཡིན་ན་འོས་ཤིང་འཚམ་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཆོག དེ་སྔ་ངོས་ཀྱིས་ཕྱི་ལོ་ ༡༩༦༩ ནང་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་དང་མ་ཡོང་ཟེར་བ་དེ་བོད་མི་རྒྱ་ཆེ་མང་ཚོགས་རྣམས་ཀྱི་ཐག་གཅོད་རྒྱུ་རེད། ཅེས་བརྗོད་མྱོང་། ཞེས་བཀའ་ལན་སྩལ།དེ་རྗེས་༸གོང་ས་མཆོག་གིས་དྲི་བ་ཞིག་དང་འབྲེལ་ནས་དོལ་རྒྱལ་སྐོར་བཀའ་སློབ་སྩལ་དོན། ཆོས་ལུགས་ནང་ཁུལ་རྙོག་གྲ་དཔེར་ན་ཁ་ཆེའི་རྒྱལ་ཁབ་འགའ་ཤས་ནང་སུན་ནི་དང་ཤི་ཡ་གཉིས་དབར་འཁྲུག་རྩོད་ཡོང་བཞིན་པ་དང་། བོད་བརྒྱུད་ནང་བསྟན་ལ་མཚོན་ནའང་དོལ་རྒྱལ་བསྟེན་མཁན་ཚོས་ངོས་ལ་ཏཱ་ལའི་བླ་མ་རྫུན་མ་རེད། ཟེར་ནས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། ངོས་ཀྱིས་སྐབས་ཤིག་ཁ་ཆེའི་ལྷ་ཁང་ནང་མཆོད་མཇལ་བསྐྱོད་སྐབས་ཤིག་ལ་ཁ་ཆེའི་ཞྭ་མོ་གྱོན་ནས་པར་བརྒྱབ་པ་ཞིག་ཡོད། ཁོ་པ་ཚོས་པར་དེ་བེད་སྤྱོད་བྱས་ནས་ཏཱ་ལའི་བླ་མ་ནང་པ་མ་རེད། ཁ་ཆེ་རེད། ཟེར་ནས་སྐྱོན་བརྗོད་བྱེད་བཞིན་ཡོད། ངོས་ཀྱིས་དུས་རྒྱུན་ཆོས་ལུགས་འདྲ་མིན་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་སྟབས། ཆོས་ལུགས་གཞན་གྱི་ལྷ་ཁང་སོགས་ནང་བསྐྱོད་ནས་གུས་བརྩི་ཆེན་པོས་ཆོས་ལུགས་དེར་རྗེས་སུ་ཡི་རང་ཞུ་བཞིན་ཡོད་སྟབས། ཁ་ཆེའི་ལྷ་ཁང་ནང་བསྐྱོད་ནས་ཁ་ཆེའི་ཞྭ་མོ་གྱོན་པ་དེ་འོས་ཤིང་མཚམ་པ་ཞིག་རེད། ངོས་ནས་ཀྱང་ཐོག་མའི་སྐབས་ཕྱི་ལོ་ ༡༩༥༡ ནས་ ༡༩༧༠ བར་མ་ཤེས་པའི་དབང་གིས་དོལ་རྒྱལ་བསྟེན་པ་རེད། དེ་རྗེས་བརྟག་དཔྱད་རིམ་པ་བྱས་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གིས་དོལ་རྒྱལ་དེ་དམ་སྲིད་འབྱུང་པོ་ཞིག་ལ་ངོས་འཛིན་མཛད་འདུག དེར་བརྟེན་ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་མུ་མཐུད་ནས་བྱས་པ་ཡིན་ན། ཁོ་པ་ཚོས་ཏཱ་ལ་རྫུན་མ་རེད། ཟེར་བ་ལྟར་ཆགས་རྒྱུ་རེད། གང་ཡིན་བརྗོད་ན་སྐུ་འདུན་སྐུ་གོང་མ་ཚོས་དམ་བསྒྲགས་མཛད་པ་དེར་རྒྱབ་འགལ་བྱས་པ་ཞིག་ཆགས་སྟབས། ངོས་རང་དངོས་གནས་ཏཱ་ལ་རྫུན་མ་ཞིག་ཆགས་རྒྱུ་རེད། ཅེས་བཀའ་ལན་སྩལ།
དེ་རྗེས་དབུ་མ་དང་རང་བཙན་གཙང་མའི་ལངས་ཕྱོགས་གཉིས་ཀྱི་སྐོར་ལ་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་མང་ཆེ་བས་དངོས་ཡོད་གནས་ཚུལ་གཞི་རྩར་བཟུང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འགའ་རེས་རང་གི་འདོད་དབང་ཁོ་ན་གཞིར་འཛིན་ནས་འགྲོ་གྱི་ཡོད། དུས་རབས་ ༧།༨།༩ སྐབས་བོད་རྒྱ་ཧོར་གསུམ་གྱི་མངའ་ཐང་ཨེ་ཤི་ཡའི་ནང་ཡོངས་གྲགས་དར་ཡོད། འོན་ཀྱང་ཕྱིས་སུ་རྒྱ་རིགས་མཁྲེགས་འཛིན་པ་ཚོས་བོད་དང་རྒྱ་ནག་དབར་གཉེན་སྒྲིག་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བོད་དེ་རྒྱ་ཁོངས་ཆགས་ཡོད་སྐོར་འཁྱོག་བརྗོད་བྱེད་བཞིན་ཡོད། དེ་རྗེས་ཁོ་པ་ཚོས་བོད་དེ་དུས་རབས་ ༡༣ སྐབས་བོད་རྒྱ་གཉིས་སོག་པོའི་དབང་འོག་ཏུ་ཚུད་པར་བརྟེན་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་ཚུལ་བརྗོད་བཞིན་ཡོད། ལྷག་པར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ ་མིན་གྱིས་སྐབས་ཤིག་ལ་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་བཤད་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཐོག་འགན་ཁུར་བྱས་ནས་བོད་མིའི་འཚེ་མེད་ཞི་བ་དང་བྱམས་བརྩེར་གཞི་བཅོལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱ་རྒྱུའི་རང་དབང་སྤྲད་པ་ཡིན་ན། བོད་མི་རང་གི་ཁེ་ཕན་ཆེད་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ན་དགེ་མཚན་ཆེ་བ་ཡོད། ངོས་ཀྱིས་དེ་སྔ་རང་བཙན་རྩོད་མཁན་བོད་མི་ཞིག་དང་སྐད་ཆ་ཤོད་སྐབས་རྒྱ་ནག་གིས་རང་བཙན་ལས་སླ་པོ་བྱས་ནས་སྤྲོད་རྒྱུ་མིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོས་འཐབ་རྩོད་བྱས་ན་མ་གཏོགས་ཡོང་རྒྱུ་མ་རེད། རྒྱ་ནག་དང་འཐབ་པར་ལག་ཆ་དགོས། ལག་ཆ་འཚོང་མཁན་ཐོབ་ཀྱང་ཉོ་ཚོང་གང་འདྲ་བྱེད་ཐུབ། ཉོ་ཐུབ་པའི་དབང་དུ་བཏང་ཡང་བོད་ནང་དུ་ལག་ཆ་ཇི་ལྟར་གཏོང་ཐུབ། རྒྱ་གར་དང་བལ་པོའི་ས་ནས་ལག་ཆ་དེ་དག་བོད་ནང་ལ་གཏོང་ཐབས་བྲལ། འབྲུག་ཡུལ་ནས་ཧ་ལམ་ཁག་པོ་རེད། མཐར་ལག་ཆ་བོད་ནང་བཏང་ཐུབ་པའི་དབང་དུ་བཏང་ནས་རྒྱ་མིའི་དམག་མི་དང་འཛིང་རེས་བྱས་ནས་བོད་མི་གྲངས་ ༡༠༠༠ ཙམ་འཆི་བ་ཡིན་ན་མི་འབོར་ལ་གཞིགས་པའི་ཧ་ཅང་མང་པོ་རེད། རྒྱ་ནག་ལྟ་བུར་མཚོན་ན་མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་སྟབས། མི་གྲངས་འབུམ་གཅིག་ཙམ་འཆི་བ་ཡིན་ནའང་ཁྱད་པར་གང་ཡང་འགྲོ་རྒྱུ་མ་རེད། ཅེས་ངོས་ཀྱིས་དེ་འདྲ་བརྗོད་སྐབས་ཁོང་རང་ངུས་ནས་ཕྱིན་སོང་། ཞེས་བཀའ་ལན་སྩལ།