༢༠༡༠ ཕྱི་ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༥ ཉིན་གྱི་སྔ་དྲོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Chief Minister of Himachal Pradesh) སྐུ་ཞབས་པེ་རེམ་ཀུ་མར་ཌུ་མལ་མཆོག་དང་ (Shri Prem Kumar Dhumal) མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ཝི་ཌ་ཡ་སི་ཊོཀ་ (Vidya Stokes) དང་དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་མངའ་སྡེའི་གནད་ཡོད་མི་སྣ་ཚོ་དང་ལྷན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་སྤྱི་འཐུས་དགེ་བཤེས་ཚེ་རིང་པོ་ལགས། དེ་བཞིན་སིམ་ལ་ (Shimla) ས་གནས་འགོ་འཛིན་བཅས་མཇལ་འཕྲད་གནང་ཡོད་པ་མ་ཟད། ཉིན་གུང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapur) མཆོག་གིས་བཙན་བྱོལ་བོད་གཞུང་གི་གནད་ཡོད་སྐུ་མགྲོན་ཚོར་གསོལ་ཚིགས་ཤིག་བཤམས་ཡོད། ཉིན་དེའི་ཉིན་རྒྱབ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ལས་དོན་ཚོགས་ཆུང་གི་བློན་ཆེན་སྐུ་ཞབས་ཇེ་པི་ནཱ་ཌ་ (J.P.Nadda) མཆོག་གིས་གསལ་བསྒྲགས་ཡིག་ཆ་ཞིག་སྤེལ་ཡོད་པ་ལྟར་ན། ད་རེས་ལྷན་ཚོགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་བོད་དོན་ཚོགས་ཆུང་དེ་བསྐྱར་འཛུགས་བྱེད་རྒྱུའི་ཆེད་དུ་ཡིན་འདུག
དེ་ཡང་ཚོགས་ཆུང་དེའི་འཐུས་མི་རྣམས་གཤམ་གསལ།
ཨང་། མཚན།
༡༽ སྐུ་ཞབས་པེ་རེམ་ཀུ་མར་ཌུ་མལ་མཆོག (Shri Prem Kumar Dhumal) ཚོགས་གཙོ། ༼ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན།༽
༢༽ ལྕམ་སྐུ་ཝི་ཌ་ཡ་སི་ཊོཀ། (Vidya Stokes) ཚོགས་གཞོན།༼ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད།༽
༣༽ སྐུ་ཞབས་ཇེ་པི་ནཱ་ཌ། (J.P.Nadda) ཚོགས་གཞོན། ༼ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ལས་དོན་ཚོགས་ཆུང་གི་བློན་ཆེན།
༤༽ སྐུ་ཞབས་ཋ་ཀུར་ཀུལ་སིང་། (Thakur Kaul Singh) ༼སྤྱི་ཁྱབ་དྲུང་ཆེ། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ལས་དོན་ཚོགས་ཆུང་གི་བློན་ཆེན་ཟུར་པ།༽
༥༽ སྐུ་ཞབས་སུ་རེ་ཤི་བྷ་ར་ཌ་ཝ་ཇ། (Suresh Bhardwaj) ༼སྤྱི་ཁྱབ་དྲུང་ཆེ། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་བློན་ཆེན།༽
ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་ཚང་མ་ཕྱི་ལོ་ ༢༠༠༨ ནས་ ༢༠༡༢ བར་གོ་གནས་འབབ་ཐོབ་ཀྱི་བོད་དོན་ཚོགས་ཆུང་གི་ཚོགས་མི་ཡིན། གསལ་བསྒྲགས་ཡིག་ཆའི་ནང་ད་དུང་བོད་དོན་ཚོགས་ཆུང་དེས་བོད་ཀྱི་གནད་དོན་སེལ་རྒྱུར་༸གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་ཧིན་བོད་གཉིས་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་རྩ་ཆེ་དེ་དག་རྒྱུན་འཛིན་བྱེད་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་འདུག དེ་བཞིན་ཧི་མཱ་ལ་ཡའི་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་དོན་སྤེལ་རྒྱུར་ཚོགས་ཆུང་གི་ཆོད་སེམས་བརྟན་པོ་བཆང་བཞིན་ཡོད་འདུག་པ་བཅས།