༢༠༡༥ ཟླ་ ༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ ཉིན། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ <<བོད་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཛ་དྲག་གནས་སྟངས>> ཞེས་པའི་འཕྲོད་བསྟེན་ཐོབ་ཐང་ཐད་ཀྱི་དམིགས་བསལ་སྙན་ཐོ་ཞིག་དབྱིན་ཡིག་ཐོག་འགྲེམས་བསྒྲགས་བྱེད་ཀྱིན་ཡོད། སྙན་ཐོ་འདིའི་ནང་རྒྱ་ནག་རྒྱལ་ཡོངས་སུ་འཕྲོད་བསྟེན་གནས་སྟངས་སྔར་ལས་ཡར་རྒྱས་ཕྱིན་ཡོད་ནའང་། བོད་ནང་དུ་མ་བུའི་བདེ་སྲུང་འཕྲོད་བསྟེན་ནི་སྔར་བཞིན་ཛ་དྲག་འོག་གནས་ཡོད་པ་དང་། དེའི་རྒྱུ་རྐྱེན་བོད་ཁུལ་དུ་མང་ཚོགས་ཀྱི་འཕྲོད་བསྟེན་སྨན་བཅོས་ལམ་ལུགས་དང་མཐུན་རྐྱེན་ཞན་པས་ཡིན་པ་གསལ་འདོན་བྱས་ཡོད།
དེ་བཞིན་སྙན་ཐོའི་ནང་། རྒྱ་ནག་རྒྱལ་ཡོངས་སུ་བྱིས་པའི་སྐྱེ་འཕེལ་དང་འབྲེལ་བའི་ན་ཚ་དང་འདས་གྲོངས་ཀྱི་གནས་སྟངས་ཐད་ནས། བོད་ཀྱི་ཞིང་གྲོང་ས་ཁུལ་གྱི་མ་བུའི་འཕྲོད་བསྟེན་གནས་སྟངས་ནི་ཧ་ཅང་ཛ་དྲག་གི་གནས་བབས་ཤིག་ལ་སླེབས་ཡོད་པ་མ་ཟད། བོད་རིགས་སྦྲུམ་མ་དང་བྱིས་པའི་བདེ་ཐང་གནས་སྟངས་ནི་རྒྱ་ནག་རྒྱལ་ཡོངས་ཁྲོད་ཆེས་སྐྱོ་ཤོས་དེ་ཆགས་ཡོད། ཕྱི་ལོ་ ༢༠༠༩ ལོར་བོད་རང་སྐྱོང་ལྗོངས་ནང་། སྦྲུམ་མ་དང་བྱིས་པ་འདས་གྲོངས་ཕྱིན་པའི་གྲངས་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཁྲོད་ཆེས་མཐོ་ཤོས་ཆགས་ཡོད་པ་མ་ཟད། དེ་གཉིས་སོ་སོའི་འདས་གྲོངས་ཀྱི་གྲངས་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཆ་སྙོམས་ཚད་གཞི་ལས་ལྡབ་ ༨ དང་ལྡབ་ ༢་༧ བཅས་ཡིན་པ་རེད། དེ་བཞིན། བྱིས་པའི་འཚོ་བཅུད་འདང་ངེས་མེད་པའི་གནས་སྟངས་ཛ་དྲག་ཚད་ནི་བརྒྱ་ཆ་ ༣་༦ ལ་སླེབས་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་གནས་ཚད་ལས་ལྡབ་ ༢ བརྒལ་ཡོད། ད་དུང་བོད་རང་སྐྱོང་ལྗོངས་ནང་མིའི་ཚེ་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་ལས་ལོ་ ༨་༥ ཡིས་དམའ་བ་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ལྗོངས་ས་ཁུལ་ཡོངས་ལས་ཆེས་དམའ་ཤོས་དེ་ཆགས་ཡོད། དེ་ལྟར་བོད་ནང་མ་བུའི་འཕྲོད་བསྟེན་གནས་སྟངས་ཞན་པོ་ཡོད་པ་དེ་ནི། མཐར་གཏུགས་ན་རྒྱ་གཞུང་གི་འཕྲོད་བསྟེན་ལམ་ལུགས་འཐུས་ཚང་མེད་པ་དེར་ཐུག་ཡོད། ཕྱི་ལོ་ ༢༠༠༩ ལོར་རྒྱ་གཞུང་གི་འཕྲོད་བསྟེན་ལམ་ལུགས་འོག་བོད་རང་སྐྱོང་ལྗོངས་ནང་སྦྲུམ་མ་བརྒྱ་ཆ་ ༣༣ དང་བྱིས་པ་བརྒྱ་ཆ་ ༤༡ ལ་འཕྲོད་བསྟེན་གྱི་མཐུན་འགྱུར་རག་ཡོད་པ་རེད། ཡིན་ནའང་། གྲངས་ཚད་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་ལས་ཕྱེད་ཀ་མ་གཏོགས་ཟིན་མེད་པ་དང་། ད་དུང་རྒྱ་ནག་རྒྱལ་ཡོངས་ཞིང་ལྗོངས་ཡོངས་ལས་ཆེས་དམའ་ཤོས་དེ་ཆགས་ཡོད།
བདེ་ཐང་འཕྲོད་བསྟེན་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ནང་། འཕྲོད་བསྟེན་མ་ལག་ཐད་འགྲོ་གྲོན་འདང་ངེས་མེད་པ་དང་། སྦྲུམ་མའི་འཕྲོད་བསྟེན་ཐད་ཀྱི་སྒྲིག་གཞི་འཐུས་ཚང་མིན་པ། མ་བུ་བདེ་སྲུང་ཐད་ཀྱི་ཚད་ལྡན་སྨན་པ་དེ་བས་ཀྱང་ཧ་ཅང་དཀོན་པོ་ཡིན་པ་རེད། གནས་ཚུལ་འདི་དག་གི་འབྱུང་རྩ་གཙོ་བོ་ནི་བོད་གཞི་རིམ་ཞིང་འབྲོག་ཁུལ་གྱི་མ་བུའི་བདེ་སྲུང་ཐད། རྒྱ་གཞུང་གིས་ས་བབས་གནས་སྟངས་དང་འབྲེལ་བའི་འཕྲོད་བསྟེན་ཞབས་ཞུའི་མཐུན་རྐྱེན་དང་འཕྲོད་བསྟེན་མ་དངུལ་བཅས་ལེགས་པོ་མེད་པས་རེད། མདོར་ན་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཁོངས་ལ་ཚད་བཀག་ངེས་ཅན་ཐེབས་པ་དང་། འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་ཧ་ཅང་ཞན་པོ་ཡོད་པ། དེའི་ཐོག་ས་གནས་བོད་རིགས་མང་ཚོགས་ཀྱི་དཔལ་འབྱོར་མཐུན་རྐྱེན་ཞན་པ་དང་འཕྲོད་བསྟེན་ཐད་ཀྱི་ཤེས་བྱ་དང་འདུ་ཤེས་ཧ་ཅང་དམའ་བ་བཅས་ལ་བརྟེན་ནས། མ་བུའི་བདེ་སྲུང་འཕྲོད་བསྟེན་ཐད་ཀྱི་དཀའ་ངལ་དེ་བས་ཀྱང་ཚབ་ཆེ་རུ་ཕྱིན་ཡོད།
སྙན་ཐོ་འདིའི་ནང་བོད་རིགས་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཐད་རྒྱ་གཞུང་གིས་དབྱེ་འབྱེད་བྱ་སྤྱོད་སྤེལ་དེ་བོད་མིའི་འཕྲོད་བསྟེན་ཐོབ་ཐང་བརྡལ་བཤིག་བཏང་ཡོད་པ་གསལ་འདོན་བྱས་ཡོད། རྒྱ་གཞུང་གིས་ནམ་རྒྱུན་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕྲོད་བསྟེན་གནས་ཚད་གཞིར་བཟུང་ནས། རྒྱལ་སྤྱིའི་སྒང་ལ་རྒྱ་ནག་ནང་གི་འཕྲོད་བསྟེན་གནས་སྟངས་དབྱེ་ཞིབ་དང་དྲིལ་བསྒྲགས་བྱས་ཏེ། བོད་ནང་གི་ཛ་དྲག་འཕྲོད་བསྟེན་གནས་སྟངས་སྦས་གསང་བྱས་ཡོད། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཛུགས་བསྐྲུན་དམིགས་ཚད་ལས་འགུལ་གྱི་ངོས་ནས་ཀྱང་། རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་ཁུལ་དང་རྒྱའི་ས་ཁུལ་གཉིས་བར་འཕྲོད་བསྟེན་གནས་སྟངས་ཐད་ཧེ་བག་ཆེན་པོ་ཡོད་པ་དེ་ངོས་འཛིན་གསལ་པོ་བྱུང་མི་འདུག དེར་བརྟེན། སྤྱིར་རྒྱ་ནག་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་གནས་སྟངས་སྔར་དང་བསྡུར་ན་ཡར་རྒྱས་ཆེན་པོ་བྱུང་ཡོད་ནའང་། བོད་ཁུལ་གྱི་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་གནས་སྟངས་ནི་སྔར་བཞིན་ཡར་རྒྱས་ཕྱིན་མེད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཁྲོད་སྦྲུམ་མ་དང་བྱིས་པའི་འདས་གྲོངས་ཆེས་ཛ་དྲག་གི་ས་ཁུལ་དེ་ཡང་བོད་ཆགས་ཡོད།
བོད་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཐད་ཀྱི་ལས་གཞི་གཉིས་གཞིར་བཟུང་། འདི་གའི་སྙན་ཐོའི་ནང་རྒྱ་གཞུང་གིས་འཕྲོད་བསྟེན་སྒྲིག་འགོད་དང་སྟངས་འཛིན་གོང་རིམ་གྱིས་གཅིག་སྡུད་ཁོ་ན་མི་བྱེད་པར། ས་གནས་གྲོང་སྡེ་སོ་སོར་འཕྲོད་བསྟེན་ཐོབ་ཐང་སྤྲོད་པ་དང་གྲོང་སྡེ་འཕྲོད་བསྟེན་ཞབས་ཞུའི་མི་སྣ་རྨང་གཞིར་བཟུང་བའི་ཐོག་ནས། ཞིང་འབྲོག་ས་ཁུལ་གྱི་འཕྲོད་བསྟེན་མ་ལག་འཛུགས་བསྐྲུན་འཐུས་ཚང་བྱས་ཏེ། བོད་ནང་གི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་སྐོར་གསལ་འདོན་བྱས་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ ཉིན།