ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ ཉིན་གྱི་སྔ་དྲོ་ ༦།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་ཕོ་བྲང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་གསོ་སྦྱོང་ལ་ཆིབས་སྒྱུར་བསྐྱངས་གྲུབ་མཚམས་ཆུ་ཚོད་ ༨ ཐོག་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་མི་གྲངས་ ༦༠༠༠ བརྒལ་བར་(སྐྱེས་རབས་སོ་བཞིའི།)བཀའ་ཆོས་སྔོན་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན། བོད་གངས་ཅན་གྱི་ལྗོངས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་གནང་ནས་ལོ་ ༦༠༠ ཙམ་ཕྱིན་ཡོད། དུས་ཚོད་ཀྱི་དཀའ་ངལ་འཕྲད་དེ་སྐབས་རེ་སྨོན་ལམ་ཚུགས་མ་ཐུབ་པ་དེ་འདྲ་ཡང་བྱུང་ཡོད།
སྔ་མོ་ཡིན་ན་དེ་ལྟར་བྱུང་ཡོད་ལ་བར་སྐབས་ཡིན་ནའང་དེ་ལྟར་བྱུང་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོ་ཕྱི་ལོ་ ༡༩༥༩ ལོའི་སྨོན་ལམ་རྗེས་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད། ཕྱི་ལོ་ ༡༩༦༠ ལོར་ཕལ་ཆེར་སྨོན་ལམ་ཚུགས་ཐུབ་མེད། དེ་དུས་མ་སུ་རིར་ཡོད། དེ་ནས་རིམ་པས་གདན་ས་ཚོ་སྦག་སར་ཚོགས་པ་རེད། དེ་ནས་རིམ་པས་རྡ་སར་སྨོན་ལམ་ཚོགས་རྒྱུ་བྱས་ཏེ་ལོ་བསྟར་ཆགས་ཚོགས་བཞིན་ཡོད། ད་རེས་སྟོན་པ་བཅོམ་ལྡན་འདས་རྒྱ་གར་དུ་དེའི་ཚེ་དེའི་དུས་ཀྱི་མཁས་པ་དང་། རྫུ་འཕྲུལ་སྟོན་རྒྱུ་ཡོད་པ་དེ་དག་དང་མཉམ་དུ་ཆོས་ཀྱི་བགྲོ་གླེང་གནང་བ་དང་ཆབས་ཅིག་རྫུ་འཕྲུལ་འགྲན་རྒྱུ་དེ་འདྲ་བྱུང་བ་ཡིན་པ་རེད། དེ་འདྲའི་དུས་ཆེན་དྲན་གསོ་བྱེད་བཞིན་ཡོད། ཕྱག་རྒྱུན་ལ་བཅོམ་ལྡན་འདས་རྗེས་དྲན་གྱི་དོན་དུ་སྐྱེས་རབས་གསུང་སྲོལ་ཡོད།
དེ་རིང་འདིར་བརྟན་བཞུགས་དང་འབྲེལ་ཏེ་རྡོ་རྗེ་བྲག་དང་། སྨོན་གྲོལ་གླིང་། གོང་དཀར་ཆོས་སྡེའི་དགེ་འདུན་ཚོགས་ཁག་བཅས་ཕེབས་ཡོད། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ཀྱི་གཞུང་དངོས་གཞི་འགོ་མ་འཛུགས་གོང་ནང་ཆོས་ངོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་བརྩིས་ཀྱི་ཡོད། གལ་ཆེན་པོ་རྩིས་དགོས་དོན་ནི། ང་རང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་བསམ་པ་ཡོད། ནང་པ་ཡིན་བསམ་པའི་ཐོག་ནས་ཁ་འདོན་དགེ་སྦྱོར་འདྲ་བྱེད་ཀྱི་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་དང་ཆོས་ལུགས་ཁག་དབར་ཁྱད་པར་གང་ཡོད་བརྗོད་པ་ཡིན་ན། ཧ་ལམ་བཤད་རྒྱུ་མེད་པ་ལྟ་བུ་ཆགས་ཀྱི་འདུག དེས་སངས་རྒྱས་པའི་ཆོས་ལ་དད་པ་ཙམ་མ་གཏོགས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་མ་བྱུང་བ་རེད། སྔར་བོད་གངས་ཅན་གྱི་ལྗོངས་ལྟ་བུ་ལ་ཆ་བཞག་ན། སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་ལྟ་བུ་ཆགས་ཏེ་ཐེ་ཚོམ་སོམ་ཉི་གང་ཡང་མེད།
དེ་བཞིན་སྤྱིའི་ཆ་ནས་སློབ་སྦྱོང་གི་ཤེས་ཚད་སྐྱོ་བོ་རེད། ཡིག་རྨོངས་ཧ་ཅང་མང་པོ་ཡོད། མང་ཚོགས་ཀྱི་གཞི་རྩའི་ཤེས་ཚད་སྐྱོ་བོ་ཡོད་པའི་ཐོག་ལ་ཆོས་ཕྱོགས་ཀྱི་མིག་དཔེ་ཁོ་རང་དད་པ་བྱས་ན་འགྲིག་གི་རེད་བསམས་པའི་ཐོག་ལ་འགྲོ་བཞིན་འདུག ལུས་ཀྱི་ཕྱག་འཚལ་བ་དང་། སྐོར་བ་བྱས་པ་སོགས་ནི་ལུས་ཀྱི་སྒོ་ནས་བསགས་པའི་དགེ་བ་རེད། དེ་བཞིན་གཟུངས་སྔགས་གྲངས་རྒྱུ་སོགས་ནི་ངག་གི་སྒོ་ནས་དགེ་བ་སྒྲུབ་རྒྱུ་རེད། དགེ་བ་རྣམ་དག་ལ་འགྲོ་དང་མ་འགྲོ་ཀུན་སློང་ལ་རག་ལུས་ཡོད། བོད་ལ་སངས་རྒྱས་པའི་ཆོས་ཧ་ཅང་དར་ཁྱབ་ཕྱིན་ཡོད་ཀྱང་། སངས་རྒྱས་ཆོས་ག་འདྲ་ཡིན་པ་ངོ་མཚར་སྐྱེས་པའི་འཕྲོད་ནས་ཆོས་བྱེད་མཁན་ཕྲན་བུ་དཀོན་པོ་རེད་འདུག དེ་རིང་ཁ་སང་དུས་རབས་ཉེར་གཅིག་པའི་ནང་བསླེབས་ཡོད། འཛམ་བུ་གླིང་གི་ས་ཆ་གང་དུ་ཡིན་ནའང་དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། དེའི་རིགས་ལ་དོ་སྣང་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
སྤྱི་ཡོངས་ཀྱི་མིའི་ཤེས་ཡོན་ཡག་ཏུ་འགྲོ་སྐབས་རང་བཞིན་ལྷན་སྐྱེས་ཀྱིས་སེམས་ནང་ཐེ་ཚོམ་དང་དོགས་པ་བསླེབ་ཡོང་གི་རེད་ལ་དེ་ལྟར་དགོས་པ་རེད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་བརྟག་དཔྱད་བྱས་ཏེ་བསམ་བློ་བཏང་། རྒྱུ་མཚན་མཐོང་བའི་ཐོག་ནས་ངེས་པ་རྙེད་དེ་དེས་དྲངས་པའི་དད་པ་དང་། ངེས་འབྱུང་། སྙིང་རྗེ་དགོས་ཀྱི་རེད་མ་གཏོགས། རྒྱུ་མཚན་གང་ཡང་བསམ་བློ་མ་བཏང་བར་སྐྱབས་སུ་མཆི་ཟེར་བ་ལྟ་བུ་ནམ་མཁའི་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་ཚིག་སྐམ་པོ་ཞིག་འདོན་པ་ཙམ་གྱི་ཧ་ཅང་ཁག་པོ་རེད། སྔོན་མ་སྐལ་བ་བཟང་དུས་ཟེར་ན་འདྲ་སྤྱི་ཚོགས་ཡར་རྒྱས་མ་སོང་གོང་དེ་འདྲ་བྱས་ནས་ལོ་དང་ལོ་བསྐྱལ་བ་རེད། ད་ལྟ་དེའི་ཁུངས་འཁྱོལ་གྱི་མ་རེད། སྤུས་དག་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་དགོས། སངས་རྒྱས་པའི་ཆོས་ཟེར་རྒྱུ་དེ་ག་འདྲ་ཡིན་པ་ལུང་དྲངས་ནས་ངོ་སྤྲོད་བྱས་ན་ཕན་ཐོགས་མེད། ལུང་ཁོ་རང་རྒྱུ་མཚན་ལྡན་པ་ཡིན་མིན་ངོ་སྤྲོད་བྱེད་དགོས་པར་བརྟེན་ལུང་རྒྱུ་མཚན་ལྡན་པ་ཡིན་པར་ལུང་ཞིག་དྲངས་པ་ཡིན་ན་ཕན་ཐོགས་གང་ཡང་མེད། དེར་བརྟེན་རིག་པར་བརྟེན་ནས་འགྲོ་རྒྱུ་མ་གཏོགས་མེད།
ཆོས་ཞེས་པ་འདི་ཕན་ཐོགས་མེད་ན་གཡུགས་ན་འགྲིག་གི་རེད། ཕན་ཐོགས་ཡོད་མེད་བསམ་བློ་གཏོང་དགོས། ལེགས་སྦྱར་གྱི་སྐད་ལ་ཆོས་ཞེས་པ་ནི་དྷརྨ་ཞེས་པའི་དོན་དང་། དེ་ནི་འཛིན་པའམ་སྐྱོབ་པའི་དོན་རེད། ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་གྱི་རྒྱུ་བཀག་པའི་སྒོ་ནས་འབྲས་བུའི་སྡུག་བསྔལ་ལས་སྐྱོབ་ཅིང་འཛིན་པ་དེ་ལྟ་བུ་ཞིག་ནི་དྷརྨ་ཞེས་པའི་གོ་དོན་རེད། བོད་སྐད་ཀྱི་ཆོས་ཞེས་པའི་གོ་བ་ནི་བཅོས་པའི་དོན་རེད། བསམ་བློ་བསྒྱུར་བཅོས་བཏང་བ་དང་། གཙོ་བོ་སེམས་ལ་བསྒྱུར་བཅོས་བཏང་ནས་སྒོ་གསུམ་གྱི་སྤྱོད་པ་བསྒྱུར་བཅོས་གཏོང་རྒྱུ་ཞིག་ཆགས་ཡོད། གང་ལྟར་བཅོས་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན་འདི་ལྟར་བསམ་བློ་གཏོང་དགོས། རིམ་པ་དང་པོ་ང་ཚོ་མི་རེད། འཛམ་བུ་གླིང་འདིར་ཡོད་པའི་ཚོར་བ་བདེ་སྡུག་མྱོང་མཁན་གྱི་སེམས་ལྡན་ཞིག་རེད། ཤེས་པ་ཡོད་མཁན་གྱི་མི་ལ་བདེ་སྡུག་གི་མྱོང་བ་ཡོང་གི་ཡོད། ཤེས་པ་མེད་ན་བདེ་སྡུག་གི་མྱོང་བ་ཡོང་གི་མེད། ལྗོན་ཤིང་ལྟ་བུ་ལ་རྫས་ཀྱི་ནུས་པ་ལ་བརྟེན་ནས་སྐྱེས་འགག་དང་འགྱུར་བ་ཡོང་གི་ཡོད་ཀྱང་དེ་རྫས་ཀྱི་ནུས་པ་རེད། འཛམ་གླིང་ཁྱོན་ཡོངས་ལ་དུས་བཞིའི་འགྱུར་བ་ཡོང་གི་ཡོད་པ་དང་། ལྷག་པར་རྡ་རམ་ས་ལར་མཚོན་ན་ཁ་སང་ཉི་མ་ཡག་པོ་ཞིག་བསྟན་ཡང་། དེ་རིང་གནམ་སྐྱོ་བོ་ཞིག་བསྟན་འདུག ཞོགས་པོ་གནམ་གཤིས་ཡག་པོ་ཡོད་ཀྱང་ཕྱི་དྲོ་འགྱུར་བ་འགྲོ་བཞིན་འདུག འདི་ལ་མྱོང་བ་མེད་ཀྱང་འགྱུར་བ་འདུག འདི་ནི་རྫས་ཀྱི་ནུས་པའམ་འབྱུང་བའི་འགྱུར་བ་རེད། ཤེས་པའི་ནུས་པ་ཡོད་མཁན་ལ་བདེ་སྡུག་གི་མྱོང་བ་ཡོང་གི་ཡོད། འཛམ་གླིང་འདིར་ཡོད་པའི་སེམས་ལྡན་ཡོངས་སུ་རྫོགས་པ་ལ་བདེ་སྡུག་གི་མྱོང་བ་གཅིག་པ་ཡོད། ཁྱད་པར་ནི་དུད་འགྲོ་འབུ་སྲིན་བྱ་དང་བྱེའུ་སོགས་ལ་བདེ་སྡུག་གི་མྱོང་བ་གཙོ་བོ་དབང་ལྔའི་ཤེས་པ་དང་འབྲེལ་ཡོད། དཔེར་ན་འབུ་སྲིན་ཆུང་ཆུང་ཞིག་ཡིན་ཡང་། གྲོད་ཁོག་ལྟོགས་པའི་སྐབས་ལ་ལྟོས་ཆས་བཙལ་བ་དང་། གནོད་པ་བྱུང་ན་སོ་སོར་སྲུང་སྐྱོབ་བྱེད་པ་ལྟ་བུ་ཚང་མ་བྱེད་ཀྱི་འདུག དེ་དག་ཚང་མ་དབང་ལྔའི་ཤེས་པ་དང་འབྲེལ་བའི་བདེ་སྡུག་གཙོ་བོ་ཡིན་པ་ལས། ཡིད་བློའི་སྟེང་ནས་མང་པོ་ཡོད་པ་མ་རེད། དབང་པོའི་ཤེས་པ་དང་འབྲེལ་བའི་ཡིད་ཀྱི་རྟོག་པ་ཡོད་ཀྱང་། ཡིད་བློ་རང་གི་སྒང་ནས་བསམ་བློ་བཏང་ནས་བདེ་སྡུག་ཡོང་བ་མི་ལས་ཤུགས་ཆེ་བ་རེད།
མང་པོ་ཞིག་གིས་བྱམས་བརྩེ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་རེད་བསམ་པ་ཞིག་ལས། སོ་སོའི་འཕྲོད་བསྟེན་དང་ཁྱིམ་ཚང་སྐྱིད་པ་དང་སྤྱི་ཚོགས་བདེ་བའི་བསམ་བློ་འཁོར་གྱི་མི་འདུག དེ་ནོར་འཁྲུལ་རེད། འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ནང་ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་། མི་ཞིག་ཡིན་ཕྱིན་བདེ་སྐྱིད་འདོད་མཁན་ཡིན་པ་དང་། ཆོས་ལེགས་པར་རྣམ་འབྱེད་ཀྱི་ཤེས་རབ་ཀྱང་ཡོད་པས་དེ་བདེ་སྐྱིད་ཀྱི་རྐྱེན་དུ་བསྒྱུར་བ་ལ་བྱམས་བརྩེ་དགོས། འདི་དེང་སང་བསམ་བློ་མང་པོ་གཏོང་མཁན་ཚོར་བསམ་ཚུལ་གཅིག་མཚུངས་ཡོང་གི་འདུག ང་ཚོ་ཚང་མས་རིམ་པ་དང་པོ་མི་ཞིག་ཡིན་པ་དང་། མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་གྲལ་གཅིག་རེད། དེར་བརྟེན་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། གླིང་གཞན་དང་གཞན་དུ་ཡོད་པའི་སེམས་ཅན་ཐམས་ཅད་ལ་སྨོན་ལམ་ཙམ་བརྒྱབ་ནས་སྡོད་པ་ལས་བྱེད་རྒྱུ་མེད། ང་ཚོ་འཛམ་གླིང་ཁྱིམ་ཚང་གཅིག་གི་ནང་ཡོད་པའི་མི་གཅིག་གིས་ལྷག་བསམ་རྣམ་དག་གིས་མི་བཅུ་ལ་ཕན་ཐོགས་བྱེད་ཐུབ་པ་ཡིན་ནའང་ཕན་པ་རེད། མི་བཅུ་དེ་དག་གིས་ཀྱང་སོ་སོས་ངོ་ཤེས་པའི་མི་བཅུ་རེ་ཕན་ཐོགས་བྱས་པ་ཡིན་ན་མི་བརྒྱ་ལ་ཕན་གྱི་རེད། དེ་ནས་སྟོང་ལའང་ཕན་གྱི་རེད། སེམས་ཅན་ཐམས་ཅད་ཟེར་ནས་ཕར་ཕྱོགས་ཤིག་ན་ཡོད་པ་ཞིག་བསམ་ནས་རང་གི་འཁྲིས་ན་ཡོད་པ་ལ་བསམ་བློ་མ་བཏང་བར་བསྡད་པ་ཡིན་ན། ཁ་ནས་སེམས་ཅན་ཐམས་ཅད་ཟེར་བ་དེ་སྐྱག་རྫུན་རེད། ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་བྱེད་དགོས་པ་དང་། དུད་འགྲོ་ཡིན་ནའང་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱེད་པ་དང་། གཞན་ལ་འཚེ་བ་དང་གནོད་པ་མི་བྱེད་པ་དམིགས་བསལ་ཆོས་ཀྱི་སྐད་ཆ་མ་རེད། མི་ནི་སྤྱི་ཚོགས་ལ་བརྟེན་ནས་བསྡོད་མཁན་ཞིག་ཡིན་པས་གཞན་ལ་བརྩེ་བ་རང་ཆོས་སུ་ཡོད། དེ་ལ་ཆོས་ལེགས་པར་རྣམ་འབྱེད་ཀྱིས་གྲོགས་བྱས་ཏེ་ཅུང་རྒྱ་བསྐྱེད་པ་ཡིན་ན་དངོས་གནས་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ཡོད་པའི་འཛམ་གླིང་ཞིག་ཡོང་བའི་རེ་བ་ཡོད། སྔ་མོ་ཤེས་ཡིན་ན་ཁག་པོ་རེད། དེང་སང་ཤེས་ཡོན་གྱི་ཐོག་ནས་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་ཤེས་ཡོན་གྱི་ཐོག་ནས་ངོ་སྤྲོད་ཡག་པོ་བྱེད་ཐུབ་པ་ཡིན་ན། འཛམ་གླིང་འདི་དུས་རབས་བཅུ་དགུ་བ་དང་ཉི་ཤུ་བ་དང་མི་འདྲ་བའི་དུས་རབས་ཤིག་བཟོ་ཐུབ་པའི་རེ་བ་ཡོད། རེ་བ་དེ་སྒྲུབ་འོས་པ་ཞིག་རེད། ང་ཚོ་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་སྒྲུབ་དགོས་པ་དང་བསྒྲུབ་འོས་པ་རེད། སེམས་ཅན་ཐམས་ཅད་བདེ་བའི་མགྲོན་དུ་གཉེར་མཁན་ཞིག་ཡིན་ན་འདི་ལ་བསམ་བློ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་སྐྱེས་རབས་ཀྱི་བཀའ་ཆོས་ཁག་དབུ་འཛུགས་མཛད། །