ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡ ཉིན་ནས་འགོ་བཙུགས་ཞུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཐེངས་དང་པོ་དེ་བཞིན་ཕྱི་ཚེས་ ༣ ཉིན་མཇུག་བསྒྲིལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༢༠ ཐོག་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། རྒྱུད་སྟོད་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག ཆོས་རིག་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས། ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གདན་ས་གྲྭ་ཚང་ཁག་ ༥༡ ནས་མཁས་དབང་གཙོ་བོར་གྱུར་བའི་དགེ་བཙུན་ཁྱོན་བསྡོམས་ཞལ་གྲངས་ ༡༣༥ ཙམ་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་རེ་ནས་བགྲོ་གླེང་གི་མྱོང་ཚོར་དང་མ་འོངས་ལམ་སྟོན་གྱི་དགོངས་འཆར་སྐོར་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་མཆོག་གིས་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་ཆོས་བརྒྱུད་ཁག་གི་སྐུ་ཚབ་མཁས་དབང་རྣམ་པ་དང་། བགྲོ་གླེང་ཚུགས་རྒྱུར་ཕྱག་རོགས་གནང་མཁན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་རྣམ་པ། ཕྱག་བདེ་བ། ཆབ་རིལ་དང་དཀོན་གཉེར། གསོལ་ཐབ་ལས་བྱེད་བཅས་ལ་ཐུགས་ཆེ་ལེགས་སྐྱེས་གནང་།
དེ་ནས་རྒྱུད་སྟོད་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག་གིས་མཇུག་བསྒྲིལ་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་འབོད་སྐུལ་ཞུས་དོན་ལྟར་དགོན་སྡེ་ཁག་ ༥༡ ནས་མཁས་དབང་ ༡༣༥ ཙམ་ཕེབས་ཏེ་བགྲོ་གླེང་ཞིབ་ཕྲ་གནང་ཡོད། བགྲོ་གླེང་འདིའི་ཐོག་མཁས་དབང་བཅུ་གཉིས་ཀྱིས་ལྗགས་རྩོམ་གནང་བའི་རྩོམ་གཞུང་དེ་དག་གཞིར་བཞག་ཐོག་བགྲོ་གླེང་གནང་བ་དེ་དག་སོ་སོ་རང་ཉིད་ཀྱིས་མཇལ་རྒྱུ་དང་ཉན་རྒྱུ་བྱུང་། བགྲོ་གླེང་ཧ་ཅང་སྤུས་དག་པོ་བྱུང་སོང་བསམས་པའི་ཚོར་སྣང་བྱུང་། ང་ཚོས་ཐོག་མར་འཆར་གཞི་སྒྲིག་སྐབས་ཉིན་གྲངས་གསུམ་མང་དྲགས་མེད་དམ་སྙམ་པའི་བསམ་ཚུལ་བྱུང་སོང་། ད་ལྟ་གོང་དུ་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པས་མྱོང་ཚོར་གསུངས་པ་ལྟར་ན་ང་རང་སྒེར་གྱི་བསམ་ཚུལ་ལའང་ཉིན་གྲངས་གསུམ་དེ་ཉུང་དྲགས་པའི་ཚོར་སྣང་ཆེན་པོ་བྱུང་། དེ་དག་ནི་ཁྱེད་རྣམ་པ་ཚང་མས་བགྲོ་གླེང་ཐོག་ཆ་ཤས་དང་དོ་སྣང་གནང་སྟངས་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་གོ་སྒྲིག་དང་རེ་འདུན་ལྟར་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དེ་གཟི་བརྗིད་དང་ལྡན་པ་ཞིག་བྱུང་སོང་། དེར་བརྟེན་ངས་དགའ་སྤོབས་ཆེན་པོའི་ཐོག་ནས་ལྷན་རྒྱས་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
ང་ཚོ་ཆོས་རིག་ལས་ཁུངས་ཀྱིས་དམིགས་ཡུལ་གཙོ་བོ་དེ་ཆོས་བརྒྱུད་ཆེན་པོ་སོ་སོའི་ནང་གྲུབ་པ་ཉམས་ལེན་བྱེད་ཕྱོགས་དེ་བསྲེས་ལྷད་དང་འགྱུར་བ་མེད་པ་སོགས་ཀྱི་གནའ་སྲོལ་བཟང་པོ་ཞིག་ཡོད་སྟབས། དེ་དག་གཞིར་བཞག་ཐོག་ནས་ཆོས་བརྒྱུད་གཞན་དང་གོ་རྟོགས་སྤེལ་རེས་བྱ་རྒྱུ་དེ་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་བགྲོ་གླེང་འདི་འདྲ་ཞིག་གོ་སྒྲིག་ཞུས་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་བཤད་སྒྲུབ་བསྟན་པ་གོང་འཕེལ་གྱི་ཚོགས་འདུ་ཞིག་ཚོགས་སྐབས་བཀའ་བསྡུར་བྱུང་སྟེ་གྲོས་ཆོད་བཞག་པ་ལྟར། ད་ཐེངས་ང་ཚོས་ལག་བསྟར་ཐུབ་པ་བྱུང་ཡོད། ང་ཚོས་དེ་དག་ཐམས་ཅད་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་བགྲོ་གླེང་ཆེན་པོ་འདི་འདྲ་གོ་སྒྲིག་གནང་བཞིན་ཡོད། དེ་བཞིན་ང་ཚོས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ། ཆོས་བརྒྱུད་ཕན་ཚུན་དབར་གོ་རྟོགས་སྤེལ་རེས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
ངས་དུས་རྟག་ཏུ་འདི་ལྟར་བཤད་ཀྱི་ཡོད། ད་ལྟ་རྒྱལ་སྤྱིའི་ཐོག་ནང་ཆོས་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། སྔ་མོ་ཕྱི་ལོ་ ༡༩༧༡ ལོར་བཞུགས་སྒར་དུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཐེངས་དང་པོ་ཚོགས་སྐབས། ༸གོང་ས་མཆོག་གིས་ང་ཚོ་འཛམ་གླིང་འདིའི་ཐོག་སྤོབས་པ་བྱེད་ཆོག་པ་དང་ངོམ་རྒྱུ་ཡོད་པ་དེ་ནི། བོད་གངས་ཅན་པའི་ཆོས་ཀྱི་སྒྲུབ་པ་ཉམས་ལེན་བྱེད་སྟངས་དེ་ལས་ལྷག་པ་ཞིག་ངོམ་རྒྱུ་གང་ཡང་མེད་སྐོར་བཀའ་སློབ་སྩལ་སོང་། སྐབས་དེར་སོ་སོ་རང་ཉིད་ལོ་ཆུང་ཆུང་ཡིན་སྟབས་དོ་སྣང་དེ་ཙམ་མ་བྱུང་ཡང་། ད་ལྟ་ལོ་ ༤༠ ཕྱིན་རྗེས་ཕྱིར་བལྟས་སློག་སྐབས་དེ་སྔོན་སངས་རྒྱས་ཀྱིས་གསུངས་པ་ལྟར། ད་ལྟ་འཛམ་བུ་གླིང་གིས་ང་ཚོར་དོ་སྣང་བྱེད་ས་དང་། ང་ཚོས་རྒྱལ་སྤྱིའི་ཐོག་ངོམ་རྒྱུ་དེ་ནང་ཆོས་ཆགས་ཡོད་སྟབས། ང་ཚོས་དེ་སྤུས་དག་ཏུ་དང་རྩ་ཆེན་པོ་ཡིན་པ་དེ་སྔར་ལྷག་རྩ་ཆེ་ཇི་ལྟར་གཏོང་ དགོས་མིན་ཐད་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག ད་ལྟ་གོང་དུ་ཞུས་པ་བཞིན། ཆོས་བརྒྱུད་སོ་སོའི་བསླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་སྟངས་དེ་དག་གཞིར་བཞག་ཐོག་དེང་གི་དུས་རབས་དང་མཚུངས་པའི་བསླབ་པ་སློབ་གཉེར་བྱེད་སྟངས་ཀྱིས་གཙོས་གང་སྤྱིའི་ཐད་བསྐྱར་ཞིབ་དང་གསར་གཏོད། དེ་བཞིན་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་ཡོད་མེད་སྐོར་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བགྲོ་གླེང་མཇུག་སྒྲིལ་གནང་།།