༢༠༡༥ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༡ ཚེས་ ༡༤ ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ་གཟའ་སྐར་དགེ་འཛོམས་ཀྱི་ཉིན་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་དུ་སེར་སྐྱ་མི་མང་གྲངས་ ༣༠༠༠ བརྒལ་བའི་དབུས་སུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་འགལ་མེད་ལྷུན་འགྲུབ་ཡོང་ཕྱིར། བོད་ལྷོ་ཁ་ཁུལ་གཞིས་བྱེས་མི་མང་ཡོངས་དང་། སྦེལ་ལྗམ་བོད་རིགས་ཚོགས་པ། བཞུགས་སྒར་བོད་མི་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག་བཅས་ཐུན་མོང་ནས། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྙན་སེང་བསྒྲོན་པར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པར་སོང་སྔ་འགྱུར་རྙིང་མའི་དབུ་བླ་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་སྤྲུལ་དགེ་འདུན་ཞལ་གྲངས་སུམ་ཅུ་དང་། གོང་དཀར་ཆོས་སྡེའི་དགེ་འདུན་པ་ཞལ་གྲངས་བཅུ་དྲུག་སྐོར་བཅས་ནས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་འཆི་མེད་འདོད་འཇོའི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་བདུན་སྔོན་དུ་བཏང་སྟེ།
གོང་ཚེས་ཉིན་བརྟན་བཞུགས་དངོས་གཞི་སྔ་དྲོ་ཆུ་ཚོད་ ༥ ནས་ ༦ བར་སྐུའི་ཚེ་སྒྲུབ་ཆོ་ག་གྲུབ་པ་དང་། ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་གདན་དྲངས་སྐབས་ཕེབས་ལམ་གཡས་གཡོན་གཉིས་སུ་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱི་སེར་སྦྲེངས་དང་། གོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་ནས་རྔ་འཆམ། བླ་ཆེན་རྣམས་དང་ཚོགས་ཁག་ལྔའི་ཚོགས་གཙོ་རྣམས་ནས་སྤོས་སྣེ། སྨིན་གླིང་དགེ་འདུན་རྣམས་ནས་སྤྱན་རྒྱ། སྤོས་འཛིན་བཅས་ཀྱིས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། མཁོ་ཁྱིམ་རིན་པོ་ཆེ་མཆོག གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་མཆོག་བཅས་ནས་མཇལ་དར་རྐྱང་འབུལ་གནང་། དེ་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་གནང་ནས་ཞལ་འདོན་གསོལ་འདེབས་བདེན་པའི་རྔ་སྒྲ་དང་། གུ་རུའི་ཐུགས་དམ་གནད་སྐུལ། པཎ་གྲུབ་བཅུ་བདུན་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་ཚེ་སྒྲུབ་ཆོག་གྲྭ་སྨིན་གླིང་དགེ་འདུན་རྣམས་དང་གོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་ཀྱིས་འཇལ་བཅར་ཞུས། དེ་ནས་མཁའ་འགྲོ་སུན་ཟློག་གི་ཆོ་ག་ལ་ཞལ་འདོན་སྐུ་ཁྲུས་གསོལ་བ་ནས་མཁའ་འགྲོ་སུན་ཟློག་སྐུ་གླུད་བསྔོ་བ་སོགས་གཞུང་ལྟར་ཕེབས།
བརྟན་བཞུགས་དངོས་གཞིར་རྡོ་རྗེ་སློབ་དཔོན་མཆོག་ནས་ཚེ་འགུགས་དང་། ཞལ་འདོན་ཚིག་བསྟུན་གྱིས་ཚེ་རྫས་རྣམས་དང་སྟན་དཀར་རྡོ་རྗེ་བཅས་རིམ་པར་ཕུལ། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། མཁོ་ཁྱིམ་རིན་པོ་ཆེ། གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་རྣམ་གསུམ་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་ནས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་དང་། གསུང་། ཐུགས། ན་བཟའ་ཉེར་ཆས་ཁག་ཕུལ། དབུ་བཞུགས་མཆོག་དང་སྨིན་གླིང་གི་མཁན་བླ། གོང་དཀར་ཆོས་སྡེའི་མཁན་བླ་རྣམས་མཇལ་བཅར་ཞུས། དེ་མུར་བརྟན་བཞུགས་སྦྱིན་བདག་ཁོངས་ལྷོ་ཁའི་ཚོགས་གཙོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། འབྲེལ་ཡོད་སྦྱིན་བདག་ཁག་བརྒྱ་སྐོར་ལ་མཇལ་ཕྱག་སྩལ། འབུལ་དངོས་བསྟར། ཞལ་འདོན་གསུང་མུར་ཚོགས་འགྲེམས། ཡོན་འབུལ། སླར་ཡང་དབུ་བཞུགས་མཆོག་གིས་མཐུན་འགྱུར་བཅས་བཀྲ་ཤིས་རྫས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་རིམ་ཕུལ་གྲུབ་མཚམས། ༸གོང་ས་མཆོག་གིས་བཀའ་སློབ་སྩལ། གཏང་རག་མཎྜལ་སྐབས་ལྷ་ས་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་སྐུའི་ན་བཟའ་ཆེ་མོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཚོགས་པ་ཁག་ལྔའི་འཐུས་མི་བཅོ་ལྔ་སྐོར་མཇལ་སྩལ། ཞལ་འདོན་བཀྲ་ཤིས་རྒྱས་པ་དང་། རིས་མེད་བསྟན་རྒྱས་སྨོན་ལམ་གྲུབ་མཚམས་ཀ་ཁྲི་སྒྲོག བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ།