ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོ་འཁོར་གསར་པའི་སློབ་གྲྭ་མགོ་འཛུགས་ཀྱི་ཉིན་མོར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་དང་ལས་བྱེད་རྣམས་ལ་ “བཟང་སྤྱོད་ཀྱི་ཀུན་སློང་དང་། ལྷག་བསམ་གྱི་མཁོ་གནད། དགེ་སློབ་དབར་གྱི་འབྲེལ་ལམ་དང་གཅེས་སྐྱོང་། ནང་ཁུལ་གྱི་དམ་ཚིག་བསྲུང་རྒྱུའི་དགེ་མཚན་དང་དགོས་པ། མདོར་ན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱིས་༸རྒྱལ་བ་དགྱེས་པའི་མཆོད་པར་སྨན་སླད་སོ་སོར་འཁྲིས་པའི་ལས་འགན་སྒྲུབ་ཕྱོགས་” ཐོག་ལམ་སྟོན་གསུང་བཤད་གནང་སྟེ། ཐོག་མར་དུས་ཚོད་དམ་འཛིན་གནང་རྒྱུ་དེ་མི་ཚེའི་གོམས་གཤིས་སུ་འཇགས་ཐབས་དགོས་ཚུལ་དང་། ལེགས་ཆ་རྣམས་བླང་དགོས་པ་དང་སྐྱོན་གྱི་མ་འགོས་པ་ཡོང་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས་ཚུལ། དེ་ཡོད་ན་གཞན་གྱི་ཟེར་རྗེས་སུ་མ་འབྲང་བར་རང་ལ་དབང་བའི་རྣམ་དཔྱོད་ཐོག་བླང་དོར་གྱི་གནས་ཤེས་ཚུལ། དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ལས་འགན་ལས་ཐོབ་ཐང་ལ་གཙིགས་ཆེ་བར་འཛིན་ཚུལ།
བདག་ཉིད་ཆེན་པོ་གཱན་དྷིས་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་རྣམས་ཚུལ་བཞིན་རྟོགས་ནས་ཉམས་མྱོང་རིམ་གསོག་གིས་དེའི་ཉེས་སྐྱོན་རྣམས་གསལ་བཏོན་ཆེད་ “རྒྱ་གར་གྱི་རང་དབང་” (Hind Swaraj) ཞེས་པའི་ཕྱག་དེབ་གྲགས་ཅན་དེ་མཛད་ཚུལ། དེང་གི་འཁྲུག་ཆ་དོད་པའི་འཇིག་རྟེན་འདིའི་ནང་བཟང་སྤྱོད་མི་ཉམས་གོང་འཕེལ་ཆེད་༸གོང་ས་མཆོག་གིས་མཛད་པའི་ “སྟོང་ལོ་གསར་པའི་བཟང་སྤྱོད་” (Ethics for the new millennium) དང་ “ཆོས་ལུགས་ལས་འདས་པའི་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་སྤྱོད་” (Beyond religion: Ethics for a whole world) ཅེས་པའི་དཔེ་དེབ་གཉིས་པོར་སློབ་སྦྱོང་བྱ་དགོས་ཚུལ། ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་རྣམས་གཞན་ལས་ཞིབ་ཚགས་པ་དང་གཏིང་ཟབ་པ་དགོས་པ་མ་ཟད། ཆ་བཞག་ནས་མིན་པར་རང་གིས་ཤེས་རྟོགས་ཐོག་ནས་འགྲོ་མཁན་ཞིག་དགོས་ཚུལ།
ཨིན་ཇིས་རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་ནང་རྒྱ་གར་བ་རྣམས་རང་དབང་བའི་རྣམ་དཔྱོད་མེད་པ་བཟོ་ཐབས་ཀྱི་ཆ་རྐྱེན་བསྐྲུན་ཡོད་ཚུལ། རྒྱ་གར་བས་རང་སྐད་ལས་ཀྱང་ཨིན་སྐད་ལ་ཧ་ཅང་མཐོང་ཆེན་བྱས་པར་བརྟེན། རྒྱ་གར་མི་རིགས་སྤྱི་ཡོངས་ཀྱི་བསམ་བློའི་གནས་ཚད་དམ་བཟང་སྤྱོད་ཀྱི་གནས་ཚད་ཇི་ཙམ་ཟག་པ་གསལ་པོར་མཚོན་ཐུབ་པ། བསམ་བློའི་འདུ་ཤེས་དེ་གཞན་དང་ཕྱིའི་ཀུན་སྤྱོད་དེ་ལོགས་སུ་བསྟན་ན་ཚུལ་འཆོས་ཡིན་ཚུལ། དང་ཐོག་རང་གིས་རང་ཉིད་ངོ་ཤེས་དགོས་པའམ་རང་གི་ངོས་འཛིན་གསལ་པོ་དགོས་ཚུལ། རང་ངོ་མ་ཤེས་ན་གཞན་དེའང་ཡང་དག་པ་ཞིག་མི་ཤེས་པ། དེས་ན་དེ་གཉིས་ཀྱི་འབྲེལ་ལམ་ཡང་ཡག་པོ་ཞིག་ཡོང་མི་ཐུབ་པ། རང་གིས་བོད་པའི་ངོས་འཛིན་ལ་ངོ་ཚ་བའི་འདུ་ཤེས་བྱུང་ན་ཐོག་མ་སློབ་གྲྭ་ཟུར་འཛུགས་ཀྱི་དམིགས་ཡུལ་དེ་འཆོལ་བ་ཡིན་ཚུལ། བོད་པའི་སློབ་ཕྲུག་ལ་རྩིས་དང་ཚན་རིག་སོགས་བསླབ་རྒྱུ་ཡིན་ན་བོད་པའི་སློབ་གྲྭ་ཟུར་འཛུགས་མི་དགོས་པར་རྒྱ་གར་གྱི་སློབ་གྲྭ་གཞན་དུ་བཏང་ན་འཐུས་ཚུལ། དེ་ནི་བོད་ཕྲུག་དེ་ཚོ་བོད་མི་ཚད་ལྡན་ཞིག་བཟོ་ཆེད་ཡིན་ཚུལ། དེས་ན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་དེ་མ་བརྗེད་པ་དགོས་ཚུལ། བཟང་སྤྱོད་ཉམས་ན་སྤྱི་ཚོགས་ནང་བདེ་འཇགས་དང་བརྟན་ལྷིང་མི་ཡོང་བ། བཟང་སྤྱོད་དང་ངན་སྤྱོད་ཀྱི་ས་མཚམས་ནི་འཚེ་བ་ཡོད་མེད་ལ་ཐུག་ཚུལ། བདེན་པ་དང་འཚེ་བ་མེད་པ་གཉིས་དངུལ་སྒོར་གཅིག་གི་ཕྱོགས་གཉིས་ཡིན་པར་བརྟེན། གཅིག་ལ་སྐྱོན་ཆ་བྱུང་ན་ཅིག་ཤོས་ལའང་དེ་བཞིན་ཡོང་རྒྱུ། འཚེ་བ་ཡོད་མེད་ཀུན་སློང་ཐོག་ནས་དབྱེ་འབྱེད་བྱེད་དགོས་པར་བརྟེན། ཀུན་སློང་བཟང་པོས་འཛིན་དགོས་ཚུལ། རྒྱལ་བའི་བཀའ་དྲིན་ནི་བོད་མི་ཙམ་མ་ཟད། འཇིག་རྟེན་ཡོངས་ལ་ཧ་ཅང་ཆེ་ཚུལ། ཡ་རབས་ཤིག་ཡིན་ན་བཀའ་དྲིན་རྗེས་དྲན་ངེས་པར་ཞུ་དགོས་སྨོས་མེད་ཡིན་པ་སོགས་གསུང་བཤད་ཟབ་རྒྱས་གནང་འདུག