༢༠༡༥ ཟླ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡ ཉིན་རྡ་སའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་ཁག་གཅིག དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར་སོགས་འབྲེལ་ཡོད་ལས་བྱེད་རྣམས་ཚང་འཛོམས་ཐོག བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གདན་ས་གྲྭ་ཚང་ཁག་ནས་མཁས་དབང་ ༡༢ གཙོ་བོར་གྱུར་བའི་དགེ་བཙུན་ཁྱོན་བསྡོམས་ཞལ་གྲངས་ ༡༢༧ ཙམ་ལྷན་འཛོམས་ཐོག ཐོག་མར་ཆོས་རིག་ཟུང་དྲུང་ཐུབ་བསྟན་ལགས་ནས་མཛད་རིམ་སྒྲོགས་སྦྱང་ཞུས་པ་ལྟར་དགེ་འདུན་བཞི་སྡེས་ཤིས་བརྗོད་གསུང་འདོན་གནང་བ་དང་སྦྲགས་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།
དེ་རྗེས་ཆོས་རིག་དྲུང་ཆེ་དོན་གྲུབ་རྡོ་རྗེས་ཐེངས་འདིར་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་འབྱུང་འགྱུར་ཆོས་རིག་ལས་ཁུངས་ཀྱི་ལས་འཆར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གལ་གནད་དང་བོད་མི་ཙམ་མ་ཟད། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་བོད་བརྒྱུད་ནང་བསྟན་ལ་ཡིད་སྨོན་ཞུ་ཡུལ་དུ་གྱུར་བའི་གསེར་སྦྱངས་བཙོས་མ་ལྟ་བུ་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དེ་དག་དུས་རབས་བདུན་པ་བརྒྱད་པའི་སྐབས་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཚོ་དང་ལྷག་པར་མཁན་སློབ་ཆོས་གསུམ་གྱིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་གངས་ཅན་ལྗོངས་སུ་དར་སྤེལ་མཛད་པའི་དྲིན་ལ་བརྟེན་ནས། དེང་སྐབས་འཛམ་གླིང་ནང་དུ་ནང་པའི་གཞུང་ལུགས་མདོ་སྔགས་གཉིས་ལ་གསན་བསམ་གནང་དགོས་ན་བོད་བརྒྱུད་ནང་བསྟན་ལས་ལྷག་པ་ཞིག་རྙེད་དུ་མེད་པར་བརྟེན། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་རང་གི་ལག་ཏུ་ཡོད་པའི་ནོར་བུའི་ནོར་ཉམས་ཆོད་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་ཤེས་ནས་དད་པ་ཐོབ་པ་ཞིག་གནང་རྒྱུ་ནི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཕན་ཚུན་ལོ་རྒྱུས་ཀྱི་ཞན་ཆ་རྣམས་རྒྱབ་ལ་སྐྱུར་ཏེ་ལེགས་པའི་ཆ་རྣམས་ཚུལ་བཞིན་དུ་བསླངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླང་དོར་བཀའ་སློབ་རིམ་སྩལ་ལྟར་བོད་བརྒྱུད་ནང་བསྟན་ཙམ་མ་ཟད། འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་མང་དག་གཅིག་ཡོད་པ་དེ་དག་ཐུགས་མཐུན་ཁྲིམས་གཙང་ཡོང་ཐབས་ལ་འབད་དགོས་པ་གལ་འགང་ཧ་ཅང་ཆེན་པོ་ཡིན་པ་དང་། དེང་སྐབས་ཡི་ཤུ་དང་ཁ་ཆེའི་ཆོས་ལུགས་སོགས་ཆོས་ལུགས་ནང་ཁུལ་དབར་ཕྲན་བུའི་བཤད་སྲོལ་མི་མཐུན་པ་སོགས་ལ་སྙད་དེ་ཕན་ཚུན་གསོད་རེས་བྱས་པ་ཙམ་དུ་མ་ཟད།
དེང་སྐབས་འབར་མ་དང་སིངྒ་ལའི་ནང་དུ་ནང་པའི་དགེ་འདུན་པ་ཁག་གཅིག་གིས་ཁ་ཆེའི་གྲངས་ཉུང་མི་རིགས་ཚོར་འཚེ་བའི་དྲག་སྤྱོད་སྤེལ་བཞིན་ཡོད་པ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་ཡིན་སྐོར་གསུངས། དེ་རྗེས་ཆོས་རིག་དྲུང་འཕར་ལུག་རྟོགས་ལགས་ཀྱིས་ཐུག་རྗེ་ཆེ་ཞུའི་གསུང་བཤད་གནང་བསྟུན་དབུ་འབྱེད་མཛད་སྒོ་ཡོངས་སུ་ལེགས་གྲུབ་མཚམས་སྐུ་མགྲོན་རྣམས་དང་དགེ་འདུན་ཚོགས་བཅར་བ་རྣམས་ལྷན་དུ་སྐུ་དཔར་སྒྲོན། དེ་ནས་ཉིན་དགུང་ཞལ་ལག་གྲུབ་མཚམས་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་འདུག ཐེངས་འདིར་བགྲོ་གླེང་འདི་བཞིན་ཕྱི་ཚེས་ ༡ ནས་ ༣ བར་འཚོགས་རྒྱུ་ཡིན་འདུག