༢༠༡༥ ཟླ་ ༢ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༧ ཉིན་དཔལ་འབྱོར་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག ཚོང་ལས་སྐྱེད་སྲིང་གི་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་ཚོང་པ་བདུན་ལ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ལས་གཞི་འདིའི་དགོས་དམིགས་དང་ལམ་སྟོན་གསུང་བཤད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་ནང་དཔལ་འབྱོར་བཀའ་བློན་མཆོག་གིས་གཙོས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། འདེམས་ཐོན་ན་གཞོན་ཚོང་པ་རྣམ་པ། གསར་འགོད་པ། དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར། ཚོང་པ་རྣམས་ཀྱིས་སོ་སོའི་ཚོང་ལས་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་གནང་གྲུབ་མཚམས། དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་འཛོམས་དགོས་དོན་ནི་ང་ཚོ་མ་འོངས་པར་ཕུགས་རྒྱང་རིང་པོར་གོམས་པ་མཉམ་སྤོས་བྱེད་དགོས་པར་བརྟེན། ཕན་ཚུན་ངོ་ཤེས་བྱུང་ན་གོམས་པ་མཉམ་སྤོས་སྐབས་འགྲོ་བདེ་བ་ཡོང་གི་རེད། ལས་རིམ་གྱི་ཐོག་ནས་རྣམ་པ་ཚོ་ཚང་མ་ལོ་ན་གཞོན་པ་དང་དེང་དུས་ཀྱི་འགྲོ་སྟངས་ཤེས་མཁན་ཤ་སྟག་ཡིན་པར་བརྟེན། དེ་ཙམ་གྱི་རྒྱས་པོ་ཞུ་དགོས་ཀྱི་མེད་ཀྱང་། ལས་རིམ་འདི་ཡོང་སྟངས་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་བྱས་ཚེ། རྣམ་པ་ཚོར་མ་འོངས་པར་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་རྒྱུར་ཕན་ཐོགས་ཡོང་གི་རེད་བསམས་ཀྱི་འདུག སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚོང་ལས་མི་བྱེད་རྒྱུའི་སྲིད་བྱུས་བཟུང་བཞིན་ཡོད་ཀྱང་། དེ་དང་ཆབས་ཅིག་བོད་པའི་སྤྱི་ཚོགས་ནང་ཚོང་པ་ཚད་ལྡན་དང་ཡར་ཐོན་ཅན་གྱི་ཚོང་པ་སྐྱེད་སྲིང་ཐུབ་པར་སྒྲིག་འཛུགས་ངོས་ནས་རོགས་པ་བྱེད་རྒྱུའི་འདུན་པ་དང་བསམ་བློ། སྲིད་བྱུས་ཡོད་པ་བཞིན་ལོ་རྒྱུས་རིང་པོའི་ཐོག་ནས་བསམ་བློ་གཏོང་བཞིན་ཡོད། ད་བར་མཐུན་རྐྱེན་འཛོམས་མ་འཛོམས་སྤྱི་དང་ལྷག་པར་མི་ཆའི་མཐུན་རྐྱེན་མ་འཛོམས་པར་བརྟེན་འགོར་བ་ཞིག་རེད།
ད་ཆ་དཔལ་འབྱོར་ལས་ཁུངས་ཀྱི་ནང་འདི་ལྟ་བུའི་སྡེ་ཚན་ཞིག་དངོས་སུ་བཙུགས་ཐུབ་པ་བྱུང་ཡོད། ལས་རིམ་དང་པོ་དེ་འདས་ལོའི་ཕྱི་ཟླ་ ༨ པའི་ནང་འགོ་བཙུགས་ཏེ་མང་ཚོགས་ཁྲོད་ངོ་སྤྲོད་དང་གསལ་བཤད་བྱེད་རྒྱུའི་ལས་རིམ་ཞིག་ཕྱིན་པ་རེད། ལས་རིམ་དེའི་ཐོག་ནས་དེ་རིང་ང་ཚོ་མཇལ་རྒྱུ་བྱུང་ཡོད། ལས་རིམ་འདི་བཟུང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱིར་བཏང་ཚོང་པ་ཡོང་སྟངས་ཀྱི་གོ་རིམ་མི་འདྲ་བ་མང་པོ་ཡོད། ཚོང་པ་ཁག་གཅིག་སོ་སོའི་མི་ཚེ་སྐྱེལ་རྒྱུའི་ཆེད་ཚོང་ལས་གཉེར་མཁན་གྱི་རིགས་གཅིག་ཡོད། ཚོགས་རྒྱག་མཁན་རིགས་གཞན་ཞིག་དེ་ལྟ་བུའི་ཐོག་གནད་འགག་མ་རྩིས་པར། ཚོང་ལས་ཐོག་དོ་དབྱིངས་ཆེན་པོས་གསར་གཏོད་ཀྱི་ལམ་ནས་ལས་རིགས་གསར་པ་སྤེལ་ཏེ་ཚོང་རྒྱག་མཁན་ཡང་ཡོད། ཚོང་ལས་གཉེར་མཁན་རིགས་གཅིག་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེར་བཟུང་སྟེ་རིག་གསར་གྱི་ཚོང་པ་སྐྱེད་སྲིང་ཡོང་མཁན་རིགས་གཅིག་ཡོང་བཞིན་ཡོད། དེང་སྐབས་དེ་ཚོའི་རིགས་ཀྱི་ཚོང་པ་རྣམས་གལ་ཆེན་པོ་རྩི་བཞིན་ཡོད། ལྷག་པར་གསར་གཏོད་ཅན་གྱི་ཚོང་ལས་གཉེར་མཁན་དང་། དེའི་ཐོག་སྤྱི་ཚོགས་ཀྱི་དགོས་མཁོ་དང་འབྲེལ་བ་ཆགས་པའི་ཚོང་པའི་རིགས་ང་ཚོ་བོད་པའི་སྤྱི་ཚོགས་ནང་དགོས་གལ་མཐོང་གི་ཡོད། དེ་གལ་ཆེན་པོ་མཐོང་བ་ཙམ་གྱི་མི་ཕན་པར་སྔོན་ལ་དེ་ལྟ་བུའི་ཚོང་པ་སྐྱེད་སྲིང་ཡོང་བར་ཁོར་ཡུག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔལ་འབྱོར་ལས་ཁུངས་ནས་ཚན་པ་འདི་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་ཡར་ཐོན་ཅན་གྱི་ཚོང་པ་སྐྱེད་སྲིང་ཡོང་བར་དེའི་ཁོར་ཡུག་བསྐྲུན་རྒྱུ་དང་རོགས་ཕན་ཇི་དགོས་བྱེད་རྒྱུ་དེ་རེད། ང་ཚོ་མཉམ་དུ་ལག་འབྲེལ་བཏང་སྟེ་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བོད་པའི་སྤྱི་ཚོགས་ནང་ལྟོ་གོས་ལ་ལྟས་ཏེ་ཚོང་རྒྱག་རྒྱུ་གཅིག་པུ་མིན་པར་འཛམ་གླིང་ནང་གི་ཚོང་པ་དང་དཔུང་པ་མཉམ་གཤིབས་བྱེད་ཐུབ་མཁན་གྱི་ཡར་ཐོན་ཅན་གྱི་ཚོང་པ་སྐྱེད་སྲིང་ཡོང་རྒྱུའི་དམིགས་ཡུལ་རེད། དམིགས་ཡུལ་གཉིས་པ་དེ་བཙན་བྱོལ་བོད་མིའི་གནས་བབ་མུ་མཐུད་གནས་དགོས་ཀྱི་ཡོད་ན། བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་ངོ་བོ་གནས་རྒྱུར་གཞི་རྩའི་ཆ་རྐྱེན་གཉིས་འཛོམས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཅིག་ནི་བསམ་བློའི་རང་དབང་དང་གཉིས་པ་དེ་དཔལ་འབྱོར་གྱི་རང་དབང་གཉིས་དགོས་ཀྱི་ཡོད། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་གང་མང་ལས་ཀ་བསྐྲུན་མཁན་བྱུང་ན། བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་ལ་ཁྱད་པར་བཟོ་རྒྱུ་གཅིག་དང། དེ་དང་ལྷན་བོད་པའི་ཚོང་པ་གང་མང་སྐྱེད་སྲིང་ཡོང་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྤྱིར་ལས་གཞི་འདིའི་ཁོངས་སུ་མཉམ་ཞུགས་གནང་མཁན་སྙན་འབུལ་བ་ཁྱོན་གྲངས་ ༢༨ ཙམ་བྱུང་ཡོད་ཁོངས་ནས་བདུན་འདེམས་སྒྲུག་གནང་ཡོད་པ་དང་། དེའི་ཁོངས་ནས་གསུམ་ནོ་ཡེ་ཌ་ནང་ཡོད་པའི་ཇེ་ཨེས་ཨེས་ (JSS –STEP Noida)དང་། གསུམ་སོ་ནི་པཏ་ནང་རྟེན་གཞི་བྱས་པའི་ཇེ་ཇི་ཡུ་བསྟི་གནས་ཁང་།( JGU Institute Sonipat)། གཅིག་མེ་སོར་ནང་ཡོད་པའི་ཇེ་ཨེས་ཨེས་བསྟི་གནས་ཁང་(JSS institute Mysore) བཅས་སྐྱེད་སྲིང་ཚོགས་པ་ཁག་གསུམ་གྱི་ནང་སྦྱོང་བརྡར་གནང་རྒྱུ་ཡིན་འདུག