༢༠༡༥ ཟླ་ ༢ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་བོད་ཟླ་ ༡ ཚེས་ ༦ ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༤ རེས་གཟའ་མིག་དམར་གཟའ་སྐར་དགེ་འཛོམས་གྱི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་འགྲུབ་ཡོང་བའི་སླད། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དང་གཞིས་བྱེས་རྣམ་ཟུར་ཐུན་མོང་ནས་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་དེ་ཉིན་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་དགེ་བསྐོས་བཅས་ནས་སྤོས་སྣེ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྤྱན་རྒྱ་བཅས་ཀྱིས་སྔོན་བསུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་བརྟན་བཞུགས་བསྟར་འབུལ་ཞུ་ཡུལ་རྒྱལ་བའི་ཕོ་བྲང་གི་རྟ་མགྲིན་ཚོགས་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་འཁོད་གྲུབ་མཚམས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་ནས་མནྜལ་འདེགས་འབུལ་ཞུས།
དེ་རྗེས་༸གོང་ས་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་སློབ་འདུས་མང་ཡོངས་དང་། གཞིས་བྱེས་རྣམ་ཟུར་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་མཛད་པ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་། གཞིས་བྱེས་རྣམ་ཟུར་ཐུན་མོང་ནས་མགོན་པོ་གང་ཉིད་དགུང་གྲངས་ ༨༠ ཕེབས་པའི་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ལ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་། ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོ་ནས་བཟུང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཐོག་མར་དབུ་ཚུགས་ཤིང་། དེ་རྗེས་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་མཆོག་ནས་འབྲས་སྤུངས་སུ་གསང་སྔགས་ཕོ་བྲང་ཞེས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དངོས་སུ་ཕྱག་བཏབ་ཅིང་། ༸རྒྱལ་དབང་མཆོག་དང་སོག་པོའི་རྒྱལ་པོ་ཨལ་ཐན་རྣམ་གཉིས་ཀྱི་སྐུ་ཚེ་བརྟན་པའི་ཞབས་རིམ་དུ་གཙུག་ཏོར་རྣམ་རྒྱལ་མའི་ཆོ་ག་སྨིན་སྒྲུབ་མཛད་པའི་དབང་གིས་རྣམ་རྒྱལ་གྲྭ་ཚང་ཞེས་མཚན་ཐོགས་ཚུལ་དང་། ༸རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་གྲྭ་ཚང་འདི་ཉིད་དར་ཞིང་རྒྱས་པ་དང་།
ལྷག་པར་ཕོ་བྲང་པོ་ཏ་ལར་༸རྒྱལ་བའི་ཆིབས་ཞབས་སུ་གནས་སྤོས་ཀྱིས་ཕོ་བྲང་པོ་ཏ་ལར་བརྟན་བཞུགས་གནང་བས་རྩེ་རྣམ་རྒྱལ་གྲྭ་ཚང་ཞེས་མཚན་ཐོགས་པ་དང་། གྲྭ་ཚང་འདི་ཉིད་ལ་གསང་སྔགས་ཀྱི་ཆོ་ག་སྣ་མང་འཛུགས་པར་མཛད་པ། ༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་སོག་པོ་འཇུན་གར་བའི་བྱེད་བབ་ཀྱིས་གྲྭ་ཚང་གི་སྐུ་ཞབས་མང་པོ་ཞིག་སྐུ་སྲོག་དཀྲོངས་པ་དང་། གྲྭ་ཚང་འདི་ཉིད་ཐོར་ཞིག་ཉམས་རྒུད་སོང་ཚུལ། དེ་རྗེས་༸རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་རྒྱུད་གྲྭ་སྨད་སྟོད་ནས་གྲྭ་གཞོན་སྐོང་འགུགས་ཀྱིས་བསྐྱར་འཛུགས་མཛད་ཅིང་། ལྷག་པར་ཆོ་ག་ཕྱག་ལེན་རྣམས་རྒྱུད་སྨད་ཀྱི་ཕྱག་ལེན་ལྟར་གསར་འཛུགས་མཛད་པ་དང་།
ལྷག་པར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་གསར་འཛུགས་མཛད་པ་ནས་དུས་འཁོར་གྲྭ་ཚང་ཞེས་ཀྱང་བརྗོད་སྲོལ་བྱུང་ཞིང་། ༸རྒྱལ་དབང་སྐུ་གོང་མའི་སྐུ་དུས་དང་། ཡང་སྒོས་༸རྒྱལ་དབང་གང་ཉིད་ཀྱི་སྐུ་ན་གཞོན་ནུའི་དུས་ནས་གྲྭ་ཚང་གི་སྐུ་ཞབས་དམིགས་བསལ་གྱི་ཐུགས་འདྲིས་དང་། གསོལ་གཟིམ་མཆོད་གསུམ་གྱི་འགྲོ་ལུགས་སོགས་མདོར་ན་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་། བྱུང་རབས་ཀྱི་ལོ་རྒྱུས་སྐོར་ཞིབ་ཕྲའི་བཀའ་སློབ་སྩལ། མགོན་པོ་གང་ཉིད་མཆོག་གི་བླ་ན་མེད་པའི་དགོངས་བཞེད་ཀྱིས་ཐེངས་འདིར་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་གྱི་སྔོན་འགྲོར་རྗེ་བདག་ཉིད་ཆེན་པོའི་གསུང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་ཏེ་མ་འོངས་པར་རྟེན་འབྲེལ་བསྟོད་པ་དང་། གཞན་ཡང་རྗེ་བདག་ཉིད་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དབུ་མའི་སྐོར་རྣམས་ལ་མུ་མཐུད་སློབ་སྦྱོང་དང་ཉམས་ལེན་གནང་གལ་ཆེ་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ།
བཀའ་ཆོས་གྲུབ་རྗེས་གཙུག་ཏོར་རྣམ་རྒྱལ་མའི་ཆོ་གའི་ཐོག་ནས་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་དངོས་གཞི་བསྐྱངས་པ་དང་། ཞལ་འདོན་མཆོད་སྤྱོད་ཀྱི་རིམ་པ་རྣམས་གསུངས། དངོས་གཞི་སློབ་དཔོན་ལྷར་བསྐྱེད་ནས་མཆོད་བསྟོད། ཚེ་ཁྲིད་བརྒྱུད་པའི་བླ་མའི་ཐུགས་དམ་བསྐུལ་བ་སོགས་སོང་ནས། དབུ་བཞུགས་མཁན་རིན་པོ་ཆེ་མཆོག་ནས་གསོལ་འདེབས་མནྜལ་འདེགས་འབུལ་དང་། ཞལ་འདོན་ཚིག་བསྟུན་གྱིས་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། བུམ་པ། རིགས་ལྔའི་མཚན་མ། བཀྲ་ཤིས་རྫས་བརྒྱད། རྟགས་བརྒྱད་བཅས་ཕུལ་གྲུབ་རྗེས་དབུ་བཞུགས་གྲྭ་ཚང་མཁན་རིན་པོ་ཆེ་མཆོག་ནས་མནྜལ་བརྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས། རིམ་བཞིན་གྲྭ་ཚང་གི་མཁན་ཟུར་རྣམ་གཉིས་དང་། སྐུ་ཞབས་བགྲེས་པ་དྲུག དབུ་མཆོད་གསུམ་བཅས་འབྲེལ་ཡོད་རྣམ་པས་མཇལ་ཁ་ཞུས། འབུལ་དངོས་བསྟར། ༸རྒྱལ་བའི་ཞབས་བརྟན་གསུང་གྲུབ་མཚམས། གཏང་རག་མནྜལ་སྐབས་གྲྭ་ཚང་སྐུ་ཞབས་སློབ་ཟུར་ཐུབ་བསྟན་མཆོག་ལྡན་ལགས་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས། ཆོག་གཞུང་ལྟར་ཤིས་བརྗོད་དང་རིས་མེད་བསྟན་རྒྱས་སྨོན་ལམ། ཉི་གཞོན་འཆར་ཀ། བསྟན་འབར་མ། བཅས་གསུང་འདོན་གྲུབ་མཚམས་ཀ་ཁྲི་སྒྲོགས། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་མཛད་སྒོ་དངོས་བཞི་གྲུབ་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔར་བཞིན་གཟིམ་ཆུང་དུ་གདན་འདྲེན་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཡོངས་སུ་ལེགས་པར་གྲུབ། བརྟན་བཞུགས་ཀྱི་འབུལ་མཚོན་གཙོ་བོར་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས།
ཞེས་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བར་གསུང་འབུམ་པོད་གྲངས་ ༨༠ ཐམ་པ་ཕྱོགས་བསྒྲིགས་ཞུས་པ་བསྟར་འབུལ་དང་བཅས་མགོན་པོ་གང་ཉིད་ནས་དབུ་འབྱེད་ཀྱང་བཀའ་དྲིན་ཆེ་བ་མཛད་ཡོད།
ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་སྐབས་སུ་གཞིས་བྱེས་རྣམ་ཟུར་ཞལ་གྲངས་ ༡༠༩ ཙམ་མཉམ་འཛོམས་ཐུབ་པ་བྱུང་ཡོད་པ་བཅས།།