༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༢ ཉིན་གྱི་ཕྱི་དྲོར་སུད་སིའི་གྲོང་ཁྱེར་ཛུ་རིཀ་ཏུ་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་ཁྱོན་བོད་མི་གྲངས་ ༧༠ བརྒལ་བ་འདུ་འཛོམས་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོ་མི་ཐོག་གཞོན་པ་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གིས་བོད་འབངས་རྣམས་ལ་དྲིན་གྱི་བསྐྱངས་པའི་བཀའ་དྲིན་སྙིང་ལ་བཅངས་ཏེ་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་དང་། ཞབས་ཕྱི། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མི་ཉམས་གོང་འཕེལ་ཡོང་ཐབས་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་རྒན་པའི་མཇུག་གཞོན་པས་མཐུད་ཐུབ་པ་བྱེད་དགོས། དེ་བཞིན་འབྱུང་འགྱུར་གྱི་བདག་པོ་གཞོན་ནུ་ཕོ་མོ་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཟབ་མོ་དང་ཡོངས་སུ་མཐུན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐབས་སུ་སྔར་ལྷག་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
དེ་བཞིན་གཞོན་སྐྱེས་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་ལུགས་ལ་ཐུགས་སྣང་དང་འབྲེལ་དབུ་འོག་སྤུང་འདེགས་གནང་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ༸གོང་ས་མཆོག་དང་མི་རབས་རྒན་པ་ཚོས་སྐུ་ངལ་སྐྱོན་ཏེ་བཙུགས་པའི་ང་ཚོའི་སྒྲིག་འཛུགས་འདི་ཚགས་ཚུད་ཤིག་ཡོང་ཆེད་སྒྲིག་འཛུགས་འདི་བདག་པོ་རྒྱག་དགོས་ཀྱི་ཡོད། འདས་པའི་ལོ་ངོ་ ༥༠ གོང་དང་ད་ལྟའི་གནས་སྟངས་གཉིས་བསྡུར་ན་ད་ཆ་རྒྱལ་སྤྱིའི་ནང་དང་རྒྱ་ནག་ནང་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་ཡོད། དུས་ཀྱི་འགྱུར་བའི་འཕེལ་རིམ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་གཏོང་ཐབས་ལ་རང་གཞན་ཚང་མས་འགན་འཁུར་བླངས་ཏེ་ལས་འགན་བསྒྲུབ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གང་ཡིན། ༸གོང་ས་མཆོག་གིས་དགོངས་གཞི་ཇི་ཡིན་ཁོངས་སུ་ཆུད་པའི་ཐོག་མི་རིགས་གཞན་དང་གྲོགས་པོ་སྒྲིག་པའི་ཐོག་ནས་བོད་དོན་ངོ་སྤྲོད་གནང་རྒྱུའི་འགན་བབ་ང་ཚོ་ཚང་མར་ཡོད། བོད་དོན་འཐབ་རྩོད་ཀྱི་ངོ་བོ་དེ་བཞིན་སྤྱོད་པ་འཚེ་བ་མེད་པའི་ལམ་ལ་གཞི་བཅོལ་བ་ཞིག་ཡིན་པར་བརྟེན། དྲང་བདེན་ལ་དགའ་བའི་མི་ཚོས་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། ད་དུང་རྒྱབ་སྐྱོར་ཤུགས་ཆེ་རུ་དང་བོད་དོན་གྱི་རྨང་གཞི་བརྟན་པོ་ཡོང་ཐབས་ཐད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་སྐྱེད་སྲིང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་འདུག