༢༠༡༥ ཟླ་ ༢ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་ལོའི་བོད་ཀྱི་ལོ་གསར་སྐབས་རྒྱ་གར་རྒྱ་ལ་ས་ལྡི་ལི་བསམ་ཡས་གླིང་ས་གནས་སུ་མི་མང་མཉམ་འཛོམས་ཐོག་མཛད་སྒོ་ཚོགས་བསྐོང་གནང་སྐབས་མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་ (Kiran Rijiju) དང་། ཧི་མཱ་ཅལ་པར་དེ་ཤིའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་ཟུར་གསལ་རིགས་སྡེ་དང་རུས་སྡེའི་ཚོགས་གཞོན་སྐུ་ཞབས་ར་ཝི་ཁྲ་ཀུར་མཆོག (Ravi Thakur) རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་དང་རྒྱ་གར་ནང་པའི་སྐུ་ཚབ་ཚེ་རིང་རྣམ་རྒྱལ་ཤ་ནུ་མཆོག་བཅས་ཕེབས་འདུག སྐུ་མགྲོན་རྣམ་པས་ལྡི་ལི་བསམ་ཡས་གླིང་བོད་མི་རྣམས་ལ་ལོ་གསར་འཚམས་འདྲི་གནང་བ་དང་། ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་པ་མ་ཟད།
འབྱུང་འགྱུར་ཡང་མུ་མཐུད་ནས་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་སྐོར་གསུངས་འདུག གཞན་ཡང་སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་ནས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་བོད་མི་ཚོར་དམིགས་བསལ་དོ་སྣང་གནང་བཞིན་ཡོད་པ་མ་ཟད། བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་འབད་བརྩོན་གནང་མུས་ཡིན་པ་དང་། བོད་མི་རྣམས་ནི་སྤྱིར་སྟངས་ཆོས་དང་རིག་གཞུང་། གོམས་སྲོལ་གང་གི་ཆ་ནས་རྒྱ་གར་ཧི་མ་ལ་ཡིའི་རི་རྒྱུད་དུ་གནས་པའི་མང་ཚོགས་རྣམས་ཀྱི་དགེ་རྒན་ལྟ་བུ་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ནས་མཛད་སྒོ་གཟབ་རྒྱས་ཚོགས་འདུག