ཕྱི་ལོ་ ༢༠༡༥ ཟློ་ ༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཞི་བའི་འཐབ་རྩོད་ཀྱི་རྒྱལ་ཁའི་ཁྲོད་དུ་ཕྱི་ལོ་ ༢༠༡༤ ལོ་འདས་པ་དང། དེ་བས་རེ་བ་ཆེ་བའི་ཕྱི་ལོ་ ༢༠༡༥ ལོ་གསར་དུ་ཚེས་ཤིང་དགའ་སྤྲོའི་འཛུམ་གྱིས་བསུ་བའི་སྐབས་འདིར་ང་ཚོས་གངས་ཅན་འགྲོ་བའི་མགོན་སྐྱབས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་དང་། གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་གཞིས་བྱེས་གཉིས་སུ་གནས་བའི་རང་རིགས་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་དང། དེ་བཞིན་རྒྱལ་སྤྱིའི་སྟེང་དྲང་བདེན་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་གཙོས་གྲོགས་པོ་རྣམ་པར། ཤིང་མོ་ལུག་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་སྦྲགས་ལོ་གསར་པ་འདིའི་ནང་སྤྱིར་འཇིག་རྟེན་ཁྱོན་ལ་ཞི་བསིལ་ཕན་བདེས་ཁྱབ་པ་དང། ཡང་སྒོས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་དྲང་བདེན་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁའི་ཉི་གཞོན་འཕྲལ་མར་འཆར་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་དང་བོད་མི་ཡོངས་ལ་སྐལ་བཟང་གི་དུས་བཟང་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས།།