ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཐེ་ཝན་སྐུ་ཚབ་དོན་ཁང་དང་། ས་གནས་བོད་རིགས་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་འདི་ལོའི་གསུམ་བཅུའི་དུས་དྲན་དེ་བཞིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ (Taipei) དང་། གྲོང་ཁྱེར་ཀའོ་ཤོང་ (Kaoshiung) ཙམ་མ་ཟད། ཧོང་ཀོང་ནང་ལའང་སྲུང་བརྩི་དང་འབྲེལ་ཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་རྒྱུ་རེད་འདུག
གོང་གསལ་རྒྱལ་ས་ཁག་གསུམ་གྱི་ནང་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པས་དུས་མཚུངས་ལས་འགུལ་སྤེལ་རྒྱུ་མ་ཟད། ཐེ་པེ་ (Freedom Square) ཐང་ཆེན་དུ་ཀའོ་ཤོང་དང་ཧོང་ཀོང་ནང་གི་ལས་འགུལ་ཐད་བསྲིང་གནང་རྒྱུ་ཡིན་འདུག ཐེ་ཝན་བོད་རིགས་བདེ་དོན་ཚོགས་པ་གཙོས་པས་གཞུང་འབྲེལ་མིན་པའི་ཚོགས་པ་དུ་མ་ཞིག་ནས་ཀྱང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན་ཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
ལས་འགུལ་ནང་མང་ཚོགས་གང་མང་མཉམ་ཞུགས་ཡོང་ཆེད་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༩ ཉིན་ཀའོ་ཤུང་ཁུལ་གྱི་སློབ་ཕྲུག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། བདུན་ཕྲག་འདིའི་ནང་ཐེ་ཝན་མང་ཚོགས་ལ་བོད་དོན་དང་འབྲེལ་བའི་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་ཡིན་འདུག