ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལྷོ་ཨ་ཕི་རི་ཀེའི་རྒྱལ་ས་པི་རི་ཊོ་རི་ཡར་རྟེན་གཞི་བྱས་པའི་ལྷོ་ཨ་ཕི་རི་ཀེའི་ཕྱི་འབྲེལ་ལས་ཁུངས་སུ་ཕྱི་སྲིད་བློན་ཆེན་གཞོན་པ་ལྕམ་སྐུ་ནོ་མན་ཌི་ཡ་མེཕ་ཀེ་ཊོ་ (Nomaindia Mfeketo) མཆོག་དང་མཇལ་འཕྲད་གནང་འདུག
སྐབས་དེར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་དང་སུད་སི་ཁུལ་དུ་མཛད་འཕྲིན་སྐོར་དང་། བོད་ནང་རྒྱ་ནག་གཞུང་གིས་དྲག་པོའི་བཙན་གནོན་འོག་བོད་མིའི་གནས་སྟངས། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན་ཡོད་སྐོར་ཞིབ་ཕྲ་ངོ་སྤྲོད་ཞུས་འདུག་པ་མ་ཟད། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་ལྷོ་ཨ་ཕི་རི་ཀའི་གཞུང་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
ཕྱི་སྲིད་བློན་ཆེན་གཞོན་པ་མཆོག་གིས་ཕྱི་ལོ་ ༡༩༩༩ ལོར་༸གོང་ས་མཆོག་ལ་མཇལ་འཕྲད་སྐོར་དང་། བོད་དོན་བདེན་མཐའ་གསལ་ཆེད་མུ་མཐུད་འབད་བརྩོན་དང་གྲོས་མོལ་གྱིས་ལམ་ནས་དཀའ་རྙོག་སེལ་རྒྱུ་གལ་ཆེན་པོ་ཡིན་སྐོར། མ་འོངས་པར་ཕན་ཚུན་འབྲེལ་ལམ་མུ་མཐུད་གནང་རྒྱུའི་དགོས་འདུན་ཡང་གནང་འདུག
དེ་ཉིན་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་དང་བོད་ཀྱི་གྲོགས་པོ་སྐུ་ཞབས་གྷེ་ལིཡ་བྷར་མེན་ལགས་ཀྱང་ལྷན་བཅར་ཞུས་འདུག