ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ དང་ ༨ བཅས་ཉིན་གྲངས་གཉིས་རིང་ (Johannesburg) ཏུ་རྟེན་གཞི་བྱས་པའི་ལམ་རིམ་བསྟི་གནས་ཁང་དུ་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཀྱི་ཚོགས་འདུ་ཟབ་སྦྱོང་ཞིག་ཚོགས་ཡོད་འདུག
དེ་ཡང་ཚོགས་འདུ་ཟབ་སྦྱོང་དེར་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཇོ་ཧ་ནེ་སི་བྷག་དང་། པི་རི་ཌོ་རི་ཡ། ཌར་སྦན། ཀེབ་ཊ་འུན་བཅས་ནས་སྐུ་ཚབ་ཕེབས་ཡོད། ཕྱོགས་མཚུངས་ལྷོ་ཨ་ཕི་རི་ཀའི་བོད་རིགས་ཚོགས་པ་ནས་སྐུ་ཚབ་ ༡༡ དང་། ལམ་རིམ་བསྟི་གནས་ཁང་། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༧ བར་ལས་དོན་འཆར་སྒྲིག་བྱུས་བཀོད་དང་། མ་འོངས་པར་ལས་དོན་བྱེད་ཕྱོགས་སྐོར་གྲོས་བསྡུར་གནང་ཡོད།
ཟབ་སྦྱོང་སྐབས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལམ་སྟོན་སྣེ་ཁྲིད་འོག་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་དང་། ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་གྷ་ཡི་ལེ་སྦར་མེན་ (Guy Lieberman ) ལགས། ལམ་རིམ་ནང་ཆོས་བསྟི་གནས་ཁང་གི་དགེ་རྩའི་མ་དངུལ་དོ་དམ་པ་ཀེ་ལེ་སི་ཝེ་སེལ་ལགས་དང་ཕི་ལིཔ་ཝ་ཡི་སི་ལགས། བོད་རིགས་ཚོགས་པའི་ལོའོ་རཱ་ལགས་དང་ཇེམས་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་ཞུགས་གནང་ཡོད།
ལྷོ་ཨ་ཕི་རི་ཀའི་ནང་ཚོགས་འདུ་འདི་ལྟ་བུར་འདུས་བསྐོང་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། ཚོགས་འདུའི་སྐབས་གོ་བསྡུར་བྱུང་བ་ཁག་ལག་བསྟར་ཡོང་ཆེད་ (Action Committee for Tibet) ཞེས་པའི་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་ཡོད།
ཚོགས་འདུ་འདི་བཞིན་བོད་ཁང་ཐེབས་རྩའི་མཐུན་འགྱུར་འོག་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། འདི་ལྟ་བུའི་ཚོགས་འདུ་དེ་སྔ་ཡུ་རོབ་དང་ལེ་ཌེན་ཨ་མེ་རི་ཀ་ནང་ཚོགས་ཡོད།
དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཚོགས་འདུ་འདི་བཞིན་གང་ལེགས་བྱུང་བར་དགའ་བསུ་དང་། ཚོགས་བཅར་བ་ཡོངས་ནས་སྤྲོ་སེམས་ཆེན་པོའི་ངང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྱུང་འགྱུར་ལྷོ་ཨ་ཕི་རི་ཀའི་ནང་བོད་དོན་ཆེད་ལས་འགུལ་གང་མང་སྤེལ་རྒྱུ་ཁས་ལེན་དང་བཅས་ཚོགས་འདུ་གྲོལ།།