ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༦ ཉིན་སྡེ་དགེ་རྫ་ཁོག་རྫ་དགོན་གསར་དགོན་པའི་དགེ་འདུན་པ་པདྨ་རྡོ་རྗེ་ལགས་ཀྱིས་ཁམས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢ ཡས་མས་སུ། དཀར་མཛེས་ཁུལ་དཀར་མཛེས་རྫོང་ཐོག་ཏུ་དགེ་འདུན་པ་པདྨ་རྡོ་རྗེ་ལགས་ཀྱིས། ༼ྋརྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ༽ཅེས་ཞི་བའི་སྐད་འབོད་གནང་ཡོད་པ་དང༌། ཅུང་ཙམ་ལས་མ་འགོར་བར་རྒྱ་ནག་གཞུང་གི་ཉེན་རྟོག་པ་བདུན་བརྒྱད་ཙམ་བསླེབས་ཏེ། གང་བྱུང་གཅར་རྡུང་བཏང་ནས་བཙན་འཁྲིད་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙན་འཁྲིད་བྱས་མིན་དང་། གནས་སྟངས་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད།
དགེ་འདུན་པ་པདྨ་རྡོ་རྗེ་ལགས་ནི། སྡེ་དགེ་རྫ་ཁོག་རྫ་དགོན་གསར་དགོན་པའི་གྲྭ་པ་ཡིན་པ་དང་། ད་ལྟ་རང་ལོ་ ༡༧ ཡིན་འདུག ཁོང་གི་ཕ་མིང་ལ་ལྷ་རྒྱ་དང་། མ་མིང་ལ་རྨེ་གཡང་བརྗོད་ཀྱི་ཡོད་འདུག དེ་སྔོན་ཁོང་ཁམས་དཀར་མཛེས་ཁུལ། གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་བྱས་མྱོང་ཡོད་འདུག །