ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་དགུང་སྟོན་གསོལ་ཚིགས་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་བཞུགས་གནས་མགྲོན་ཁང་དུ་ཚོགས་འདུ་དང་མཇལ་འཕྲད་སོགས་རིམ་པ་བསྐྱངས་པའི་ཁོངས་ནས་སེམས་དང་སྲོག་གི་སློབ་གཉེར་ཁང་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྟེ། སེམས་དང་སྲོག་གི་ཚོགས་མིའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་ཆེད་སྔོན་འགྲོ་ནས་གཙུག་ལག་སློབ་གྲྭ་བར་གྱི་ཤེས་ཡོན་ལམ་ལུགས་ནང་བསླབ་གཞི་གཏན་འབེབ་ཐད་ད་བར་ལས་དོན་ཇི་སྒྲུབ་ཀྱི་ལས་བསྡོམས་སྤྱན་འབུལ་དང་ལྷན་དེའི་ཐོག་བཀའ་བསྡུར་ཞུས་ཡོད།
དེ་ནས་མགོན་པོ་གང་ཉིད་མཆོག་ཝ་ཤིང་ཊོན་ཧིལ་ཊན་ཞེས་པར་ཆིབས་སྒྱུར་མཛད་དེ་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་དགུང་སྟོན་གསོལ་ཚིགས་མཛད་སྒོར་ལྷན་ཞུགས་མཛད་འདུག
སྙན་གྲགས་ཆེ་བའི་གསོལ་ཚིགས་མཛད་སྒོའི་ལས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འབྲེལ་ཡོད་མི་སྣ་ཆེ་ཁག་ཕན་ཚུན་མཇལ་མོལ་གྱི་ལམ་ནས་འབྲེལ་ལམ་བཟོ་ཆེད་དུ་ཡིན་འདུག མཛད་སྒོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིས་གཙོས་པའི་སྐུ་ཚབ་དང་། གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་ཀོ་སོ་ཝོ་ (Kosovo) ཡུལ་གྱི་གཞུང་ཚབ་དང་། ཨ་རིའི་གཞུང་གི་རྒྱལ་སྤྱིའི་རོགས་ཚོགས་ (USAID) ཀྱི་འཛིན་སྐྱོང་འགན་འཛིན། དེ་བཞིན་ཨིས་རེ་ལིའི་ཀེ་ནེསི་སེཊ་ (Israeli Knesset) གྲོས་ཚོགས་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཁག་གཅིག་ལྷན་ཞུགས་གནང་འདུག
སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་སི་ལེཊ་ཊི་རི་ (Jim Slattery) མཆོག་གིས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་ཚོ། ང་ཚོ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པ་མ་ཟད། འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན། ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་ཤིག་འབྱུང་ཚེ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེལ་ཐུབ་ངེས་ཡིན། ང་ཚོ་ཚང་མ་འཚོ་གནས་ཆེད་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་དགོས་པ་ཞིག་ཆགས་ཡོད།
བྱམས་པ་དང་། སྙིང་རྗེ། བཟོད་པ་སོགས་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ཐུན་མོང་གི་བསླབ་བྱ་ཡིན་སྟབས། བསླབ་བྱ་དེ་དག་ཉམས་སུ་བླང་བའི་ཐོག་ནས་མི་བཟང་པོ་ཞིག་དང་། ཆོས་ལུགས་ཕན་ཚུན་གུས་བརྩི་ཞུ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་རཇ་པུར་ཚེ་རིང་དོན་ལྡན་གཞིས་ཆགས་ལ་རོགས་རམ་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ལས་ཐོག་པ་སོགས་དང་ཟུར་མཇལ་མཛད་འདུག