ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༤ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། འཕགས་བོད་བུད་མེད་སྡེ་ཚན་བཅས་ནས་གོ་སྒྲིག་འོག་རྒྱ་གར་ར་ཇ་སེ་ཐན་མངའ་སྡེའི་གྲོང་ཁྱེར་ཇོཏ་སྤུར་ (Jodhpur) ནང་རྟེན་གཞི་བྱས་པའི་བདག་ཉིད་ཆེན་པོ་གཱན་དྷཱི་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག
སྐབས་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་ནས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་དཔལ་འབྱོར་དབྱེ་འབྱེད། དེ་བཞིན་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གི་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་བརྒལ་བ་འགྲོ་མུས་ཡིན་པར་བརྟེན། ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་དེར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཨེམ་ཨེ་ཝ་དེ་རཱ་ལགས་ཀྱིས་རྒྱ་གར་གྱི་གཞོན་སྐྱེས་རྣམས་ནས་བོད་ཀྱི་གནད་དོན་དྲིལ་བསྒྲགས་ཆེད་འགན་འཁུར་ཆེ་རྩམ་བཞེས་དགོས་པ་དང་། བོད་ནི་ས་བབ་དང་རིག་གཞུང་། མཐའ་ན་ལོ་རྒྱུས་ཀྱི་ཆ་ནས་རྒྱ་དཀར་ནག་གཉིས་ལས་རྒྱ་གར་དང་འབྲེལ་བ་གཏིང་ཟབ་པ་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ཉིན་དགེ་ལས་སློབ་ཕྲུག་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་མཉམ་ཞུགས་གནང་འདུག་པ་མ་ཟད། ཇོཏ་སྤུར་བོད་མི་སུད་ཚོང་མཐུན་ཚོགས་ཀྱིས་མཐུན་འགྱུར་གནང་སྟེ་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་བཅས།།