ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་གིས་ནག་ཆུ་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ལོ་ངོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོ་རྒྱ་གཞུང་གིས་ནག་ཆུ་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཚངས་དབྱངས་རྒྱ་མཚོ་ལགས་དང་། ཚེ་དབང་ལགས། ཨ་ཚེ་ལགས། རྒྱལ་མཚན་ལགས་བཅས་དགེ་འདུན་པ་བཞི་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཀྱང་། ད་ལྟའི་ཆར་ས་གནས་གང་དུ་བཙན་འཁྲིད་བྱས་ཡོད་པ་དང་། ཅིའི་ཕྱིར་འཛིན་བཟུང་བྱས་པ་སོགས་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་མེད།
ཕྱི་ལོ་ ༢༠༡༥ ཟླ་ ༡ ནང་དགེ་འདུན་པ་ཚེ་དབང་ལགས་ལ་དུས་བཀག་ཁྲིམས་ཐག་ལོ་ ༡༠ དང་། དེ་བཞིན་དེ་སྔ་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་ཚངས་དབྱངས་རྒྱ་མཚོ་ལགས་ལ་ལོ་ ༡༢ ཁྲིམས་ཐག་བཅད་ཟིན་འདུག་པ་དང་། ཨ་ཚེ་ལགས་དང་རྒྱལ་མཚན་ལགས་གཉིས་ཀྱི་སྐོར་ད་དུང་ཤེས་རྟོག་ཐུབ་མེད།
རང་ལོ་ ༢༧ ཙམ་ཡིན་པའི་དགེ་འདུན་པ་ཚེ་དབང་ལགས་ཀྱི་པ་ལགས་སྔ་ས་ནས་འདས་གྲོངས་ཟིན་པ་དང་། ཁོང་གི་མ་རྒན་ད་ལྟ་འཚོ་བཞུགས་ཡོད་ཀྱང་ཁོང་གི་བུ་བཙོན་འཇུག་གི་གནས་ཚུལ་ཁོང་ལ་གསང་བ་བྱས་ནས་བཞག་ཡོད་འདུག