ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཨུ་ཏར་པར་ཌེ་ཤི་མངའ་སྡེའི་གྲོང་ཁྱེར་གྷ་ཛི་ཡ་བྷཏ་རྫོང་གི་ཤ་ཧི་བྷ་བྷཊ་ས་གནས་སུ་རྟེན་གཞི་བྱས་པའི་ཌི་ཨེ་ཝི་སློབ་གྲྭའི་(DAV School)འགན་འཛིན་ལྷན་ཚོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་ཐོབ་སྟེ་དགེ་ལས་སློབ་ཕྲུག་གྲངས་ ༣༥༠༠ བརྒལ་བར་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་སྐོར་ལམ་སྟོན་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ཌི་ཨེ་ཝི་སློབ་གྲྭར་༸ཞབས་སོར་འཁོད་སྐབས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ལག་ཏུ་མེ་ཏོག་ཐེགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་ཡོང་སྟེ་གཞོན་སྐྱེས་ཁྱེད་ཚོ་ཐུག་སྟེ་སྐད་ཆ་ཤོད་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། ཐོག་མ་དེར་ཚང་མར་འཚམས་འདྲི་ཡོད། དུས་རབས་ ༢༠ མི་རབས་ཚོས་ཕྱི་དངོས་པོའི་རིན་ཐང་གལ་ཆེན་པོར་རྩིས་པའི་ཤེས་ཡོན་གྱི་ལམ་ལུགས་འོག་ནས་ཚར་ལོངས་བྱུང་བ་ཞིག་ཡིན་སྟབས། དཔལ་འབྱོར་དང་དབང་ཆར་མ་གཏོགས་བསམ་བློ་གཞན་འཁོར་གྱི་མེད་ནའང་། ཁྱེད་རང་ཚོ་ད་ལྟ་ཁོར་ཡུག་དེའི་འོག་ཚར་ལོངས་བྱས་པ་ཞིག་མིན་སྟབས། འཛམ་གླིང་འདིའི་ནང་ཆོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མིའི་བཟང་པོའི་ཀུན་སྤྱོད་ལ་རིན་ཐང་དང་ཡིད་ཆེས་ཡོད་པ་ཞིག་བཟོ་ཐུབ་རྒྱུའི་ནུས་པ་ཁྱེད་རང་ཚོར་ཡོད། གལ་ཏེ་དེ་ལྟར་བྱུང་ཚེ་དུས་རབས་ ༢༡ འདི་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་ཐུབ་ཀྱི་རེད།
ངོས་ཀྱིས་རྒྱ་གར་ལ་ལོ་ངོ་སྟོང་ཕྲག་ལྷག་ནས་ཡོད་པའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ལྟ་གྲུབ་ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། སློབ་ཕྲུག་ཁྱེད་རང་ཚོས་རྒྱ་གར་གྱི་ལྟ་གྲུབ་བཟང་པོ་དེ་ཉིད་རིག་གཞུང་གི་ངོ་བོ་ཙམ་མ་བཞག་པར་དེ་དག་ལ་བསམ་ཞིབ་དང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྟ་གྲུབ་དེ་དག་གི་ལམ་སྟོན་འོག་ནས་དང་པོ་སོ་སོ་རང་ཉིད་སྐྱིད་པ་ཙམ་མ་ཟད། སོ་སོའི་ནང་མི་དང་། ནང་མི་བརྒྱ་ཉིས་བརྒྱ། རྒྱ་ཆེ་ས་ནས་སྤྱི་ཚོགས་དང་རྒྱལ་ཁབ་བདེ་སྐྱིད་ལྡན་པ་ཞིག་ཆགས་ན། འཛམ་གླིང་གི་མིག་དཔེ་བལྟ་ས་ཞིག་ཆགས་ཀྱི་རེད། རྒྱ་གར་གཞུང་དམངས་ཀྱི་ངོས་ནས་མིག་དཔེ་དེ་ལྟ་བུ་ཞིག་སྟོན་ཐུབ་ཚེ་དངོས་འབྲེལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ངོས་རང་དུས་རྒྱུན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་སྐབས་རྒྱ་གར་གྱི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་ཤོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་རྗེས་
སློབ་ཕྲུག་རྣམས་ཀྱིས་དྲི་བར་བཀའ་ལན་སྩལ་ཡོད་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་སློབ་མ་རྩེ་ཕུད་ཁག་གཅིག་ལ་ཕྱག་ཁྱེར་གསོལ་སྩལ་མཛད་ཡོད་པ་བཅས།།