༢༠༡༥ ཟླ་ ༡ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཡེ་ཤུའི་བླ་ཆེན་མཆོག་གིས་དེ་སྔོན་ཁོང་གིས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེ་རྒྱ་ནག་གཞུང་ལ་ཞེད་པ་མིན་པར་མ་འོངས་པར་མཇལ་འཕྲད་བྱེད་འདོད་ཡོད་སྐོར་གསུངས་འདུག
ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༩ ཉིན་ཡེ་ཤུའི་དབུ་བླ་པོབ་ཕ་རན་སི་སི་མཆོག་ཕི་ལི་ཕིན་ནང་སྐོར་བསྐྱོད་གནང་བསྟུན་ཕྱིར་མཁའ་ལམ་བརྒྱུད་ཕེབས་སྐབས། གནམ་གྲུའི་ནང་གསར་འགོད་པ་ཞིག་གིས་འདས་ལོའི་ཕྱི་ཟླ་ ༡༢ ནང་ཏཱ་ལའི་བླ་མ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ཆིབས་སྒྱུར་བསྐྱངས་སྐབས། བླ་ཆེན་མཆོག་ནས་མཇལ་འཕྲད་མ་གནང་བའི་རྒྱུ་མཚན་སྐོར་དྲིས་སྐབས། བླ་ཆེན་མཆོག་སྐབས་དེར་ལན་འདེབས་གནང་བའི་ནང། དེ་ནི་བླ་ཆེན་ཁོང་གིས་གཙོ་སྐྱོང་གནང་བཞིན་པའི་ཝེ་ཊི་ཀེན་གཞུང་གི་འགྲོ་སྟངས་(Protocol) ཤིག་འོག་ནས་སྐབས་དེར་མཇལ་འཕྲད་མ་བྱུང་བ་ཞིག་ཡིན་པ་ལས། རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་པ་དེ་འདྲ་མིན། ཝེ་ཊི་ཀེན་གྱི་ཕྱི་སྲིད་དྲུང་ཆེས་རྒྱལ་ས་རོམ་ནང་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་སྐབས་ཚོགས་བཅར་དུ་ཕེབས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྙན་གྲགས་ཅན་གྱི་མི་སྣར་མཇལ་འཕྲད་གནང་སྲོལ་མེད་སྟབས། སྐབས་དེར་ངོས་ཀྱིས་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་ཞི་བདེའི་ལྷན་ཚོགས་ཐོག་བཅར་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་སུ་གང་ལའང་ཐུག་འཕྲད་བྱས་མེད་པ་མ་ཟད། འདས་ལོའི་ཟླ་ ༡༡ ནང་རྒྱལ་སྤྱིའི་ཟ་འབྲུ་དང་སོ་ནམ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་སུའང་རྒྱལ་སྤྱིའི་དབུ་ཁྲིད་སུ་གང་ལའང་ཐུག་མེད”ཅེས་སོགས་ཀྱི་ལན་འདེབས་གནང་བ་མ་ཟད།
དེ་སྔོན་དབྱིན་ཡུལ་གྱི་ཆ་འཕྲིན་ཞིག་ནང་བླ་ཆེན་པོབ་མཆོག་གིས་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མ་གནང་བ་དེ་ནི། རྒྱ་ནག་ལ་ཞེད་སྣང་བྱས་པ་རེད་ཟེར་བ་དེར་གསལ་བཤད་གནང་དོན། དེ་བདེན་པ་མ་རེད། ང་ལ་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་གང་འཚམ་གོང་ནས་མཇལ་འཕྲད་ཡོང་བའི་རེ་སྐུལ་གནང་ཡོད་སྟབས། ད་ཆ་ང་ཚོ་འབྲེལ་བ་བྱེད་བཞིན་ཡོད། དེར་བརྟེན་མ་འོངས་པར་ཁོང་དང་མཇལ་འཕྲད་ཞུ་རྒྱུ་ཡིན། ད་ལྟའི་ཆར་དུས་ཚོད་གཏན་འཁེལ་མེད། ཅེས་གསུངས་འདུག