༢༠༡༥ ཟླ་ ༡ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་རམ་མ་ནོ་ཧར་ལོ་ཧ་ཡེའི་སྨན་ཁང་ Dr. Ram Manohar Lohia Hospital གི་འགན་འཛིན་སྨན་པ་སྐུ་ཞབས་ཨེ་ཆེ་ཀེ་ཀར་ Director Dr Prof HK Kar མཆོག་གིས་གསོལ་འདེབས་ཞུ་དོན་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྙན་གྲགས་ཆེ་བའི་རམ་མ་ནོ་ཧར་ལོ་ཧ་ཡེ་ཞེས་པའི་སྨན་ཁང་དུ་ཆིབས་སྒྱུར་གྱིས་༸ཞབས་སོར་འཁོད་སྐབས། འགན་འཛིན་མཆོག་གིས་གཙོས་འབྲེལ་ཡོད་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་རྗེས་མགོན་པོ་གང་ཉིད་མཆོག་སྡིངས་ཆའི་ཐོག་༸ཞབས་སོར་བདེ་བར་འཁོད་མཚམས་སྨན་པ་དང་སྨན་ཞབས་པ། གཞན་ཡང་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བས་དགའ་བསུའི་འཚམས་འདྲི་ཞུས་བསྟུན། འགན་འཛིན་མཆོག་གིས་མང་ཚོགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་།
དེ་ནས་༸གོང་ས་མཆོག་གིས་བྱམས་བརྩེ་དང་བཟང་སྤྱོད་”Compassion and Ethics”སྐོར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་སྨན་པ་དང་སྨན་ཞབས་པ། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམས་མི་ཚེ་ཧྲིལ་པོའི་རིང་ནད་པ་དང་ཉམ་ཐག་དཀའ་ངལ་ཅན་རྣམས་ལ་སྨན་བཅོས་རོགས་རམ་བྱེད་མཁན་ཁྱེད་ཚོ་དང་ཐུག་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པ་ནི་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་།
ཞེས་བཀའ་སློབ་དབུ་འཛུགས་ཀྱིས་ཐོག་མར་༸གོང་ས་མཆོག་གིས་བྱ་བ་ཇི་འདྲ་ཞིག་བརྩམས་ཡང་ཀུན་སློང་བཟང་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ནང་ཤེས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་ལག་ལེན་བསྟར་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འསྤེལ་གཏོང་གནང་མཛད་རྒྱུའི་སྐོར་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་འཛིན་མཁན་ཡིན་པ་གཅིག་འགྱུར་ཞིག་ཆགས་ཡོད། སྲོག་ཆགས་གཞན་དང་མཚུངས་པར་ང་ཚོ་ཚང་མ་བདེ་བ་འདོད་མཁན་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད། འོན་ཀྱང་ཕྱུག་ལས་ང་ཚོ་ཐ་དད་དབྱེ་རྒྱུའི་ཁྱད་ཆོས་ཤིག་ཡོད་པ་ནི་མིའི་རྣམ་དཔྱོད་དེ་ཡིན། མིའི་རྣམ་དཔྱོད་དང་ཀླད་པའི་ནུས་པ་ལ་རྟེན་ནས་རང་ཉིད་ཙམ་མ་ཟད། གཞན་ལའང་བདེ་སྐྱིད་སྐྲུན་ཐུབ།
འོན་ཀྱང་གལ་ཏེ་ང་ཚོའི་རྣམ་དཔྱོད་དེ་བེད་སྤྱོད་ལོག་པར་ཕྱིན་པ་ཡིན་ན་དམག་འཁྲུག་སློང་གི་ཡོད། དེར་བརྟེན་ང་ཚོས་རང་ཉིད་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱིས་རྣམ་དཔྱོད་དེ་མཐུན་ཕྱོགས་སུ་བེད་སྤྱོད་གཏོང་དགོས། ངོས་རང་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་ལ་ཧ་ཅང་བསྔགས་བརྗོད་ཞུ་མཁན་ཞིག་ཡིན། རྒྱ་གར་ནང་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་འཆམ་མཐུན་གྱི་ལྟ་གྲུབ་དེས་སྤྱི་ཚོགས་ནང་བཟོད་སྲན་དར་ཁྱབ་ཤུགས་ཆེ་བྱུང་ཐུབ་པ་དང་། ལྷག་པར་རྒྱ་གར་སྲོལ་རྒྱུན་ཐོག་ཆོས་ལུགས་མཐུན་སྒྲིལ་བརྗོད་སྐབས་ཆོས་ཁས་ལེན་མཁན་ཙམ་མིན་པར་ཆོས་ཁས་མི་ལེན་མཁན་རྣམས་ལའང་གུས་བརྩི་ཞུ་རྒྱུའི་སྲོལ་བཟང་ཞིག་དར་ཡོད། ནུབ་ཕྱོགས་སུ་ སེ་ཁུ་ལར་ ཞེས་པའི་ཐ་སྙད་འདི་མི་འགའ་ཤས་ཀྱིས་ ལྷ་མེད་སྨྲ་བའི་རིང་ལུགས་དང་གཅིག་མཚུངས་སུ་ལྟ་བཞིན་ཡོད། དེས་ཆོས་ལུགས་སུ་ལའང་དད་གུས་མི་བྱེད།
དེར་བརྟེན་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་དེ་དག་ཧ་ཅང་གཏིང་གཟབ་པོ་དང་རྒྱ་ཆེན་པོ་ཡིན། གལ་ཏེ་ང་ཚོས་དེང་སྐབས་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་དང་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་གཉིས་མཚུངས་བསྡུར་བྱེད་ཚེ་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་གཞི་རིམ་ལྟ་བུ་ཆགས་ཡོད།
ཕྱོགས་མཚུངས་རྒྱ་གར་ནང་དུས་ཡུན་རིང་པོ་ནས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་རྣམས་འཆམ་མཐུན་ངང་མཉམ་གནས་བྱས་དང་བྱེད་མུས་ཡིན། སྐབས་རེ་གནས་ཚུལ་ཕྲན་བུ་ཡོང་བཞིན་ཡོད་ཀྱང་གཞི་རྩའི་ཆ་ནས་ཆོས་ལུགས་ཕན་ཚུན་ཧ་ཅང་འཆམ་མཐུན་ངང་གནས་བཞིན་ཡོད། གནད་དོན་འདི་ནི་ངོས་ཀྱི་ལས་འགན་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུའི་ལས་གཞི་དང་འབྲེལ་བ་ཡོད། སྤྱིར་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་སྲན་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད་སྟབས། ཆོས་ལུགས་ཕན་ཚུན་ངེས་པར་དུ་འཆམ་མཐུན་ངང་གནས་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
དེ་འདྲའི་འདུ་ཤེས་འཛིན་ཐུབ་པ་བྱུང་ན་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་ཧ་ཅང་ཕན་ཐོགས་ཐུབ། ཀུན་སློང་བཟང་པོ་དགོས་རྒྱུ་དང་སེམས་ཇེ་བཟང་དུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དུས་རྒྱུན་བོད་པ་ཚོས། སྨན་པ་མཁས་ཀྱང་ཀུན་སློང་བཟང་པོ་མེད་ན། ཁོས་སྤྲད་པའི་སྨན་དེས་དེ་ཙམ་ཕན་ཐོགས་མེད། གལ་ཏེ་སྨན་པ་དེ་ཙམ་མི་མཁས་ཀྱང་ཀུང་སློང་བཟང་པོ་ཡོད་ན། ཁོའི་སྨན་དེ་ཕན་ཐོགས་ཧ་ཅང་ཡོད། ཅེས་བརྗོད་སྲོལ་ཡོད། དེར་བརྟེན་སྨན་པ་དེས་ཞེ་ཐག་པ་ནས་ནད་པ་དེར་ཤ་ཚ་ཡོད་ན། སྨན་བཅོས་དེ་ཡང་ནུས་པ་ཆེ་བ་ཡོང་རྒྱུ་ཡིན། དེར་བརྟེན་དུས་རྒྱུན་མི་གཞན་ལ་གདོང་གི་རྣམ་འགྱུར་ཚུན་འཛུམ་མདངས་སྟོན་དགོས་པ་དང་།
གཞན་དང་གྲོགས་སྒྲིལ་བྱེད་སྐབས་སེམས་པ་བཟང་པོ་བྱེད་དགོས། སྨན་པ་ཁག་གཅིག་གིས་གདོང་གི་རྣམ་འགྱུར་སྒམ་པོ་བྱས་ནས་ནད་པར་སྨན་བཅོས་བྱེད་སྐབས་འཁྲུལ་ཆས་བཟོ་སྒྲིག་བྱས་པ་ལྟར་བྱེད་ཀྱི་རེད། དེ་ལས་ཟློག་སྟེ་སྨན་པ་ཁག་གཅིག་གིས་ནད་བཅོས་བྱེད་སྐབས་ནད་པར་འཛུམས་མདངས་སྟོན་ནས་སྨན་བཅོས་བྱས་ཚེ་ཕན་ཐོགས་ཆེ་བ་ཡོད་པ་ཤེས་ཀྱི་རེད། སྨན་པ་དང་སྨན་ཞབས་པ་ཚོའི་གཞན་ཕན་གྱི་བྱ་བ་དེ་ནི་བསྔགས་བརྗོད་འོས་པ་ཞིག་རེད། ངོས་ཀྱིས་ཁ་ནས་བྱམས་བརྩེ་བཤད་པ་ཙམ་ལས་བྱམས་བརྩེ་ལག་ལེན་བཀལ་མཁན་ངོ་མ་དེ་ཁྱེད་ཚོ་ཡིན། འདི་ནི་ངོ་མཚར་ཆེ་བ་ཞིག་ཡིན། ཞེས་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ།སྤྱིར་སྨན་ཁང་དེར་དེ་སྔ་ཝི་ལིང་ཊོན་སྨན་ཁང་། Willingdon Hospital ཞེས་འབོད་སྲོལ་ཡོད། ཐོག་མར་དུས་རབས་ ༢༠ ནང་རྒྱ་གར་དབྱིན་ཇིའི་དབང་འོག་ཏུ་ཡོད་སྐབས་ཐོག་མར་བཙུགས་འདུག སྐབས་དེར་གཞུང་ཞབས་ནད་པ་རྣམས་ལ་སྨན་བཅོས་ལྟ་སྐྱོང་ཆེད་བཙུགས་པ་ཞིག་ཡིན་འདུག