༢༠༡༥ ཟླ་ ༡ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ Bangaluru གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ C.M.R. College དང་ V.E.T. First Grade College ཞེས་པའི་མཐོ་སློབ་གཉིས་ཀྱི་ནང་།
༡) ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་གསུམ་དང་། ༢) བོད་ཀྱི་རྒྱལ་རབས་ལོ་རྒྱུས། ༣) བོད་ནང་རང་ལུས་མེར་སྲེག བཅས་བརྗོད་གཞི་གཙོ་བོ་གསུམ་གྱི་ཐོག་པར་རིགས་དང་བརྙན་འཕྲིན་བརྒྱུད་འགྲེམས་སྟོན་གྱི་ལམ་ནས་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་འདུག དེ་ཡང་ V.E.T. First Grade College ཞེས་པའི་མཐོ་སློབ་ཏུ་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དེ་སྔའི་བློན་ཆེན་དང་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་རམ་ཅནྡྲ་གའོ་ཌ་ Shri. Ramchandra Gowda མཆོག་གིས་འགྲེམས་སྟོན་དབུ་འབྱེད་གནང་འདུག
སྐབས་དེར་ཀར་ན་ཊ་ཀ་མངའ་སྡེའི་ནང་སྲིད་བཀའ་བློན་ཟུར་པ་སྐུ་ཞབས་པི་ཇི་ཨར་སིན་དི་ཡ་ Shri. P.G.R. Sindhia མཆོག་དང་།
རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རྟེན་གཞི་བྱས་པའི་སུ་རི་ནམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ Suriname གཞུང་ཚབ་པ་སྐུ་ཞབས་ཨ་སིཕ་ཨིཁ་བྷལ་ Sh. Asif Iqbal མཆོག་ཀྱང་ཕེབས་འདུག
དེ་ཡང་ཐེངས་འདིར་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་གསུམ་ཡོད་པ་རྣམས་ནི་བསྟན་འཛིན་རབ་བྱམས་ལགས་དང་ཚེ་རིང་དབང་འདུས་ལགས། ཀུན་དགའ་ཕུན་ཚོགས་ལགས་བཅས་ཡིན་འདུག